མི་དམངས་དྲ་བ།

༄༅།།སྐབས་ཉེར་བདུན་པའི་འཛམ་གླིང་ནང་པའི་དད་ལྡན་པ་མཐུན་འབྲེལ་ལྷན་ཚོགས་ཀྱི་
ཚོགས་ཆེན་ཧྲའན་ཞི་ཞིང་ཆེན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།སྐབས་ཉེར་བདུན་པའི་འཛམ་གླིང་ནང་པའི་དད་ལྡན་པ་མཐུན་འབྲེལ་ལྷན་ཚོགས་ཀྱི་
ཚོགས་ཆེན་ཧྲའན་ཞི་ཞིང་ཆེན་དུ་འཚོགས་པ།

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན་གྱི་སྔ་དྲོར་སྐབས་ཉེར་བདུན་པའི་འཛམ་གླིང་ནང་པའི་དད་ལྡན་པ་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཧྲའན་ཞི་ཞིང་ཆེན་པའོ་ཅི་གྲོང་ཁྱེར་དུ་འཚོགས་འགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གནང་བ་རེད། 
     ཡུས་ཀྲེང་ཧྲེང་གིས་རྟེན་འབྲེལ་ཞུ་ཡིག་ནང་སྐབས་ཉེར་བདུན་པའི་འཛམ་གླིང་ནང་པའི་དད་ལྡན་པ་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་འགོ་བརྩམས་པའི་སྐབས་འདིར་ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ནང་པའི་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་རྒྱུ་ཡིན། ནང་པའི་བསྟན་པ་ནི་དམངས་ཁྲོད་ནས་བྱུང་ཞིང་། ཞི་བདེ་དང་། བྱམས་སྙིང་རྗེ། བཏང་སྙོམས། ཡོངས་སུ་རྫོགས་པ་བཅས་དར་སྤེལ་གཏོང་གི་ཡོད་པ་དང་། མི་རྣམས་ལ་དགེ་བ་བསྒྲུབ་རྒྱུ་བསླབ་བྱ་རྒྱག་པ་དང་དགེ་བའི་ཕྱོགས་སུ་སྣེ་ཁྲིད་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ནང་པའི་བསྟན་པས་ཤེས་རིག་མི་འདྲ་བའི་བར་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུའི་ཐད་མིག་དཔེ་ཡག་པོ་བསྟན་ཏེ་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ནང་པའི་བསྟན་པ་ནི་མིའི་རིགས་ཀྱི་གནའ་སྔ་མོའི་ཤེས་རིག་གི་ཞུན་ཐིགས་ཡིན་པའི་ཐོག་ནས་དེང་རབས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱ་རྒྱུར་བློ་སྒོ་འབྱེད་ཤུགས་གལ་ཆེན་འདོན་སྤྲོད་བྱེད་ཐུབ། རྒྱལ་ཁབ་ཁག་གི་ནང་པའི་ཆོས་ལུགས་ལས་རིགས་ཀྱིས་ལག་གདང་སྦྲེལ་ཏེ་མཉམ་ལས་དང་ཕྱར་བ་གྲུ་འདེགས་བྱས་ནས་བསམ་འདུན་སྒུལ་ཤུགས་སུ་སྒྱུར་ཐོག་རྒྱལ་ཁབ་ཁག་གི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་སྔར་ལས་ཟབ་ཏུ་འགྲོ་བར་བྱེད་པ་དང་། ཤེས་རིག་མི་འདྲ་བའི་བར་ཕན་ཚུན་སྤེལ་རེས་དང་དཔྱད་གཞིའི་མེ་ལོང་དུ་འཛིན་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་ཆེད་དང་། མིའི་རིགས་ཡོངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་་བྱེད་ཀྱི་ཡོད་ཅེས་འཁོད་འདུག