མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་
ཤར་གཏོང་ཐུབ་སྟེ་ལོ་60འཁོར་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་༼ལམ་གཉིས་༽ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 
     ཞིས་ཅིན་ཕིང་གིས་ད་ལོ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་60འཁོར་བའི་ལོ་རེད། གཞུང་ལམ་དེ་ཉིད་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ནི་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་གསར་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དེས་བོད་ལྗོངས་སུ་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ལྷོ་ནུབ་མཐའ་མཚམས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད། དེ་དུས་དམག་དམངས་ཁྲི་10ལྷག་ཙམ་གྱིས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་མཐུན་སྒྲིལ་འབད་འཐབ་བྱས་ནས་འཛམ་གླིང་གཞུང་ལམ་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པར་བརྟེན་བོད་ལྗོངས་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལོ་60རིང་གཞུང་ལམ་འཛུཊ་སྐྲུན་དང་བདག་སྐྱོང་བྱེད་པའི་བརྒྱུད་རིམ་ནང་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པར་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ་དང་། ལམ་རྡོ་བྱེད་འདོད་བྱེད་པ། དམག་དམངས་ཁྱིམ་གཅིག་དང་མི་རིགས་མཐུན་སྒྲིལ་བཅས་ཀྱི་༼ལམ་གཉིས་༽ཀྱི་སྙིང་སྟོབས་ཆགས་པ་དང་དར་སྤེལ་བཏང་ཡོད་ཅེས་བསྟན་པ།
     ཞིས་ཅིན་ཕིང་གིས་དུས་སྐབས་གསར་པའི་འོག་༼ལམ་གཉིས་༽ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། ༼ལམ་གཉིས་༽བདག་སྐྱོང་ཡག་པོ་བྱེད་པ། ཤར་གཏོང་འགན་ལེན་བཅས་བྱས་ཏེ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་ཉིད་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་དང་། བོད་ལྗོངས་ཤེས་དཔལ་ཡར་ཐོན་གྱི་ལམ། བོད་ལྗོངས་ཀྱི་མི་རིགས་ཁག་གི་སྤུན་ཟླའི་ཐུན་མོང་གི་ཕྱུག་འགྱུར་ལམ་བཅས་ལ་འགྱུར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།