མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་ཆུ་ཚད་གསར་པ་ཞིག་ཏུ་སྐྱོད་དགོས།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་ཉེའི་སྐབས་བྲིས་པ།
    ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཁྲིམས་སྐྱོང་འཛུགས་སྐྱོང་ལས་ལོ་རྒྱུས་འཕོ་འགྱུར་གྱི་རྗེས་ཤུལ་བཀོད་ཡོད།མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་རླབས་ཆེན་ལམ་བུའི་ཐོག་ཡུན་རིང་འཚོལ་ཞིབ་ལྷོད་མེད་བྱས་པ་བརྒྱུད་ཏང་དང་མི་དམངས་ཀྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་ལམ་ལུགས་ཀྱི་དཔེ་དབྱིབས་ལས་ཞི་བདེ་འཕེལ་རྒྱས་ཀྱི་ཀྲུང་གོའི་ངོ་མཚར་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བས་ཁེངས་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད།
    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཞིང་།དེ་ནི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ལ་ཕྱོགས་སྡོམ་གཏིང་ཟབ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད།ཏང་གི་ཚོགས་ཆེན་བཅོ་ལྔ་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་འཐབ་ཇུས་གཏན་འཁེལ་བྱས་པ་ནས་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་དགོངས་པ་གལ་ཆེན་རྒྱས་བཤད་བྱེད་པའི་བར་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་བཏོན་པའི་བར་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པའི་བཅོས་སྐྱོང་མ་ལག་ཆ་ཚང་ཞིག་དུས་ཚོད་དམ་འཛིན་གྱིས་བཟོ་བཞིན་ཡོད་པ་དང་བཅོས་སྐྱོང་ནུས་པ་སྒོ་ཀུན་ནས་ཆེ་རུ་གཏོང་བའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད།ད་ཐེངས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོག་རྒྱུ་དེ་ཐོག་ནས་རང་རེའི་ཏང་གིས་སྲིད་སྐྱོང་ཆོས་ཉིད་དང་།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད།མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་བཅས་ལ་ངོས་འཛིན་དང་ལག་བསྟར་བྱེད་པའི་ཆུ་ཚད་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་དེ་སྔར་བས་མཐོ་བའི་ཆུ་ཚད་གསར་པ་ཞིག་ཏུ་སྐྱོད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།
    ད་ཆ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་འགག་སྒྲོལ་དཀའ་སེལ་བྱས་ནས་འཕེལ་རྒྱས་གཏོང་བཞིན་ཡོད།སྔར་བྱུང་མྱོང་མེད་པའི་འགལ་བ་དང་།ཉམས་ཉེན།འགྲན་སློང་བཅས་དང་སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་ལས་འགན་ལྕི་པོའི་མདུན་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ཐོག་ནས་ཁྲིམས་སྐྱོང་རྒྱལ་དར་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ནས་ཁྲིམས་ལྟར་རྒྱལ་སྐྱོང་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བཞིན་ཡོད།ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཁྲིམས་ལྟར་རྒྱལ་སྐྱོང་གི་གནས་བབ་སྔར་བས་མངོན་གསལ་དོད་དུ་དང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་ཀྱི་གཞི་རྩའི་འཐབ་ཇུས་ནས་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་བར་རིམ་པ་རེ་རེ་བཞིན་སྐུལ་འདེད་གཏོང་བ་དང་བརྟན་པོའི་ངང་མདུན་སྐྱོད་བྱས་ཏེ་རྒྱལ་སྐྱོང་སྲིད་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཁྲོད་ཁྱབ་བཞིན་ཡོད་པས་དཔལ་འབྱོར་འཕེལ་རྒྱས་དང་།ཆབ་སྲིད་དྭངས་གཙང་།རིག་གནས་དར་རྒྱས།སྤྱི་ཚོགས་གཞུང་དྲང་།སྣོད་བཅུད་བཟང་བ་བཅས་ཀྱི་བཅོས་སྐྱོང་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་ལམ་ལུགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་ཞིག་འདིང་ངེས་རེད།
    “རྒྱལ་ཁབ་སྐྱོང་བའི་གནས་ལུགས་དེ།གཞུང་དྲང་དང་དྲང་གཞག་ལ་ཐུག་ཡོད”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྒྱུར་བཅོས་ཀྱི་དུས་སྐབས་སུ་མི་དམངས་ཀྱིས་གཞུང་དྲང་དང་དྲང་བདེན་ལ་དེ་བས་རེ་སྒུག་བྱེད་པ་དེ་ཐོག་ནས་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ཀྱིས་ཁྲིམས་སྐྱོང་ཐད་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད།“སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བདེན་ལ་སྐུལ་མ་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་དགོས” དེ་ནི་ཏང་གིས་དུས་རབས་གསར་པར་ཕྱོགས་པའི་གཟབ་ནན་གྱི་དམ་བཅའ་ཞིག་ཡིན།“ཁྲིམས་འཛིན་གྱི་གྱོད་གཞི་ཁག་གི་ནང་མི་དམངས་མང་ཚོགས་ཚོས་གཞུང་དྲང་དང་དྲང་བདེན་ཚོར་ཐུབ་པ་བྱེད་དགོས” དེ་ནི་ཏང་གིས་མི་དམངས་ལ་ཁས་བླངས་པའི་བརྗིད་ཆེའི་བྱ་བ་ཞིག་ཡིན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བར་མི་དམངས་ཀྱི་རེ་སྒུག་དེ་ཁ་ཕྱོགས་སུ་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་གནས་བབ་གཙོ་བོ་སྲ་བརྟན་དུ་གཏོང་བ་དང་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ནང་ཁྲིམས་སྐྱོང་སྙིང་སྟོབས་དེ་སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ལྟེ་བའི་རིན་ཐང་ལྟ་བ་དང་མཉམ་བསྲེས་བྱས་ཏེ་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་ཆེད་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་འབྲེལ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་མ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་དགོས།
    དེང་སྐབས་འཛམ་གླིང་དུ་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་པ་དང་།དེང་སྐབས་ཀྲུང་གོར་བཅོས་སྐྱོང་མ་ལག་འཐུས་ཚང་དང་བཅོས་སྐྱོང་ནུས་ཤུགས་ཆེར་གཏོང་གི་ལས་འགན་སྔར་བས་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།ཀྲུང་གོས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཐག་གཅོད་རང་བཞིན་ལྡན་པའི་སྒྱུར་བཅོས་ཟབ་མོ་བརྒྱུད་བཞིན་ཡོད།སྤྱི་ཚོགས་ཀྱི་གྲུབ་ཆ་འགྱུར་ལྡོག་ཟབ་མོ་དང་།ཁེ་ཕན་གྱི་གྲུབ་ཚུལ་ལེགས་སྒྲིག་ཟབ་མོ།བསམ་བློའི་འདུ་ཤེས་འགྱུར་ལྡོག་ཟབ་མོ་བཅས་གཏོང་བའི་སྒྱུར་བཅོས་ཀྱི་འགག་སྒྲོལ་དུས་མཚམས་དང་།འགལ་བ་མངོན་གསལ་དོད་པའི་དུས་མཚམས།འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་བཅས་ཇི་ཙམ་ལྡན་ན་དེ་ཙམ་གྱིས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་སྐུལ་སྤེལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་།ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་འདོམས་དང་།སྤྱི་ཚོགས་ཀྱི་ཁེ་ཕན་དོ་སྙོམས།སྤྱི་ཚོགས་ཀྱི་འབྲེལ་བ་སྙོམས་སྒྲིགསྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་བཅས་འགན་ལེན་བྱས་ཏེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་དུ་འཛུགས་སྐྲུན་བྱས་ཏེ་སྒུལ་ཤུགས་ཆེན་པོར་བསྒྱུར་བ་བྱས་ཏེ་འགྱུར་ལྡོག་ཟབ་མོའི་ཁྲོད་ཀྱི་རང་རྒྱལ་སྤྱི་ཚོགས་དེ་ཉིད་གོ་རིམ་ལྡན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཐུབ་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་ཕུན་སུམ་ཇེ་ཚོགས་དང་བརྟན་པོ་ཡོང་བ་བྱེད་དགོས།
    དུས་བབ་གསར་པ་ངོས་འཛིན་གསལ་པོ་བྱས་ནས་ལས་འགན་གསར་པ་ཁ་གསལ་ཡོང་བ་བྱེད་དགོས།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུ་དེ་ནི་རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག་ཐོག་ནས་རྒྱལ་ཁབ་དང་སྤྱི་ཚོགས་སྐྱོང་དགོས་པ་དང་ཏང་གི་འགོ་ཁྲིད་དང་།མི་དམངས་ཀྱི་རང་ཐག་རང་གཅོད།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྒོ་ཀུན་ནས་སྐུལ་སྤེལ་གཏོང་བའི་ཐད་མཐར་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཐོག་དོན་འཁྱོལ་བྱེད་དགོས་ལ།ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་ཐད་མངོན་པར་བྱེད་དགོས།དམིགས་ཚད་གསར་པ་དེར་དམ་པོར་དམིགས་ནས་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་མ་ལག་དང་།ཕན་འབྲས་མཐོ་བའི་ཁྲིམས་སྐྱོང་གི་ལག་བསྟར་མ་ལགཁྲིམས་སྐྱོང་ལྟ་སྐུལ་མ་ལག་ནན་པོ།ནུས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་མ་ལགའཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བཅས་ལས་གྲུབ་པའི་ཁྲིམས་སྐྱོང་བཅོས་སྒྲིག་གི་མ་ལག་ཅིག་བཟོ་བ་དང་།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།ཁྲིམས་ལྟར་སྲིད་སྐྱོང་།ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།ཁྲིམས་སྐྱོང་རྒྱལ་ཁབ་དང་།ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་བསྐྲུན་རྒྱུ་མཐའ་འཁྱོངས།ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་།ཁྲིམས་འཛིན་ནན་པོ།འདྲ་མཉམ་ཁྲིམས་འཛིན།དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་མངོན་འགྱུར་བྱས་ཚེ་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ཁྲིམས་སྐྱོང་རྨང་གཞི་སྔར་བས་བརྟན་དུ་འགྲོ་བ་དང་།ཏང་གིས་སྤྱི་ཡོངས་གཅིག་འདོམས་དང་ཕྱོགས་ཡོངས་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ལྟེ་བའི་གནས་བབ་བརྟན་དུ་ཕྱིན་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ།