མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཨེ་པོ་ལ་རིམས་ནད་བྱུང་ཚུལ་སྐོར་མཉམ་འབྲེལ་རྒྱལ་ཚོ་གས་ཀྱི་དྲུང་ཡིག་
ཆེ་མོ་ཕན་ཅི་ཝུན་དང་ཁ་པར་སྐྱོན་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་22ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁ་ཆདགནང་བ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝུན་དང་ཁ་པར་སྐྱོན་རེས་གནང་ནས་ཨེ་པོ་ལ་རིམས་ནད་བྱུང་ཚུལ་སྐོར་ཕན་ཚུན་དགོངས་འཆར་བརྗེ་རེས་གནང་བ་རེད། 
        ལི་ཁེ་ཆང་གིས་ཨེ་པོ་ལ་རིམས་ནད་ཀྱིས་རིམས་ནད་བྱུང་བའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཡོང་བར་གནོད་འཚེ་ཆེན་པོ་བཟོས་པ་དང་། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་གནོད་སྐྱོན་ཚབས་ཆེན་བཟོས་ཤིང་། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཡོང་བར་འཇིགས་སྐུལ་ཚབས་ཆེན་བྱུང་བ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་དུ་རིམས་ནད་ལ་འགོག་རྒོལ་བྱ་དགོས། མིག་སྔའི་དགོས་གཏུག་ཆེ་བའི་ལས་འགན་ནི་རིམས་ནད་བྱུང་ཁུལ་ལ་དངོས་རྫས་དང་། མ་དངུལ། སྨན་བཅོས་མི་སྣ་སོགས་ཀྱི་ཐོག་ནས་རོགས་སྐྱོར་སྔར་ལས་མང་བ་བྱ་དགོས་པ་མ་ཟད། དམངས་ཚོགས་སྣེ་ཁྲིད་དེ་རིམས་ནད་བྱུང་ཚུལ་ལ་ལྟ་སྟངས་ཡང་དག་པ་འཛིན་པ་དང་རིམས་ནད་འགོག་བཅོས་ཧུར་ཐག་བྱ་དགོས་པ་དང་། རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱི་བསམ་པ་བརྟན་པོར་འཛུགས་དགོས། རྒྱང་རིང་དུ་བལྟས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གོང་དུ་འཕེལ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་རྒྱལ་ཁབ་དེ་དག་གི་སྤྱི་པའི་འཕྲོད་བསྟེན་ནུས་ཤུགས་ཆེ་རུ་གཏོང་རོགས་བྱ་དགོས་ཞེས་བསྟན་པ་རེད།