མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་29ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  ཟླ་10ཚེས་27ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི།ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་གཏན་འབེབས་ལ་གྲོས་འཆམ་བྱས་པ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱས་པའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གཏན་འབེབས་གཉིས་ཆ་སྦྲེལ་ཡིག་ཆར་གྱུར་ཡོད།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཁྲིམས་སྐྱོང་གི་ཐོག་ནས་འགན་ལེན་བྱེད་དགོས་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུའང་གཏོང་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན་ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
    ཚོགས་འདུའི་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་།《ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ལས་ཀའི་འཕེལ་རིམ་དང་འདྲ་སྤོ་བྱས་འཐུས་ཀྱི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཉམས་མྱོང་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཀྲུང་གོའི་ཁྱད་ཆོས་ཀྱི་རིག་མཛོད་གསར་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་པ་དང《རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་སྒྲིག་བཀོད་ཆེ་ཁག་དང་ཚན་རིག་ཞིབ་འཇུག་ཡོ་བྱད་ཆེ་གྲས་སྤྱི་ཚོགས་ལ་སྒོ་མོ་འབྱེད་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གྲོས་འཆམ་བྱས་ནས་ཚོགས་འདུའི་གྲོས་བསྡུར་གནས་ཚུལ་གཞིར་བཟུང་སྔར་བས་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་བཏང་རྗེས་གོ་རིམ་ལྟར་གོང་རིམ་ལ་ལག་བསྟར་བྱ་རྒྱུའི་ཆོག་མཆན་ཞུ་བའི་བསམ་འཆར་བཏོན་པ་རེད།
    ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་རང་རྒྱལ་དུ་རྩ་བ་དང་འབྱུང་ཁུངས་ཡོད་པ་དང་སྐྱེ་སྟོབས་ཀྱང་ཡོད་པས་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གསར་གཏོད་དང་།ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་སུ་ཡོད་པའི་བྱེད་ཐབས་དང་ཐུན་མོང་མ་ཡིན་པའི་ལེགས་ཆ།ཏང་གི་མང་ཚོགས་ལམ་ཕྱོགས་དེ་ཆབ་སྲིད་ཁྱབ་ཁོངས་ནང་གི་མཚོན་ཚུལ་གལ་ཆེན་བཅས་རེད།གཞི་རྩའི་ངེས་གཤིས་དེ་ང་ཚོས་གོ་བ་གཏིང་ཟབ་ལེན་པ་དང་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་དེར་སྔར་བས་སྐུལ་འདེད་གཏོང་དགོས།ང་ཚོས་ལས་ཀ་ཡོད་ཚེ་གྲོས་བསྡུར་མང་ཙམ་དང་།བྱ་བ་འཕྲད་ཚེ་གྲོས་བསྡུར་མང་ཙམ།བྱ་བ་སྒྲུབ་སྐབས་གྲོས་བསྡུར་མང་ཙམ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་བསྡུར་ཇི་ཙམ་གྱིས་མང་བ་དང་གཏིང་ཟབ་པ་བྱས་ཚེ་དེ་ཙམ་གྱིས་ཡག་པ་ཡོད་པ་དང་གྲོས་བསྡུར་བྱས་པ་བརྒྱུད་ཐབས་ཤེས་འཚོལ་བ་དང་།ཐུན་མོང་གི་ངོས་འཛིན་ཆགས་པ་བྱེད་པ།བརྩེ་དུང་ཟབ་ཏུ་གཏོང་བ།མཐུན་སྒྲིལ་ཡག་ཏུ་འགྲོ་བ་བཅས་བྱེད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམིགས་ཡུལ་ནི་གོ་རིམ་ལུགས་དང་མཐུན་པ་དང་ལྷུ་ཚིགས་ཆ་ཚང་བའི་གྲོས་མོལ་དམངས་གཙོའི་མ་ལག་ཅིག་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་སྐྱེ་སྟོབས་གསར་པ་སྣོན་ཆེད་རེད།གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཏང་གི་འགོ་ཁྲིད་དང་།མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་སྒྲིག་འཛུགས་ཡོད་པ་དང་།གཙོ་གནད་ལྡན་པ།རིམ་པ་དབྱེ་བ་བཅས་ཀྱི་སྒོ་ནས་ཕྱོགས་ཁག་ཐད་ཀྱི་གྲོས་མོལ་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་པ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག་ལམ་ལུགས་གསར་གཏོད་བྱ་རྒྱུ་དེ་ལྟེ་བ་དང་འདྲ་སྤོ་ཐུབ་པ་དང་ཁྱབ་སྤེལ་ཐུབ་པའི་ཉམས་མྱོང་ཆགས་པ་བྱ་རྒྱུ་དེ་བླང་བྱར་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་།ལྷོད་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ།སྲིད་གཞུང་གི་འགན་ནུས་འགྱུར་མགྱོགས་སུ་གཏོང་བ།སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ།ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་མ་གཏོང་བ་དང་དེ་བཞིན་ཁྲོམ་ར་ཅན་དང་།རྒྱལ་སྤྱི་ཅན།ཁྲིམས་སྐྱོང་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་སོགས་ཐད་འཚོལ་ཞིབ་ཧུར་ཐག་དང་བློ་ཁོག་ཆེན་པོས་ཚོད་ལྟ་བྱས་པར་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་པ་དང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་ལམ་བུ་གསར་པ་འཚོལ་ཞིབ་དང་ཉམས་མྱོང་གསར་པ་གསོག་འཇོག་བྱས་ཡོད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ད་ཆའི་ཚོད་ལྟར་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་ཆ་རྐྱེན་ལྡན་པའི་ས་གནས་འགའ་བདམས་ཏེ་རང་མོས་ཚོང་དོན་གླིང(གྲུ་ཁ)འཕེལ་རྒྱས་གཏོང་དགོས་ཞེས་བསྟན་ཡོད།
    ཞིས་ཅིན་ཕིང་གིས་བསྟན་དོན།སྤྱི་ཡོངས་ནས་བརྗོད་ན་ད་ཆ་ས་གནས་དང་སྡེ་ཚན་འགར་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ཁ་ཐོར་དང་།བཀག་སྡོམ།ཡང་བསྐྱར་འཛུགས་སྐྲུན་བཅས་ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡོད་པ་དང་།ཚན་རིག་ཞིབ་འཇུག་གི་སྒྲིག་བཀོད་དང་ཡོ་བྱད་མི་ཉུང་བ་ཡང་བསྐྱར་འཛུགས་སྐུན་དང་ཉོ་སྒྲུབ་བྱེད་པ་དང་བེད་མེད་དུ་བཞག་ནས་འཕྲོ་བརླག་གཏོང་བའི་གནད་དོན་ཚབས་ཆེ་ཙམ་ཡོད་པ།ཆེད་ལས་ཅན་གྱི་ཞབས་ཞུའི་ནུས་པ་ཆེན་པོ་དེ་ཙམ་མེད།རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་མཐོ་ཚད་ཀྱི་ཐོག་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་གསར་གཏོད་བྱེད་པ་བརྒྱུད་སྤྱི་པའི་ནོར་སྲིད་ནས་མ་རྩ་བཏང་ནས་འཛུགས་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་སྒྲིག་བཀོད་ཆེ་ཁག་དང་གསར་སྤེལ་བྱས་པའི་ཚན་རིག་ཞིབ་འཇུག་གི་ཡོ་བྱད་ཆེ་གྲས་སྤྱི་ཚོགས་ལ་སྒོ་མོ་ཕྱེ་ནས་དེ་དག་ཀྱིས་ཚན་རྩལ་གསར་གཏོད་ལ་སྔར་བས་ཞབས་འདེགས་ཞུ་ཐུབ་པ་དང་སྤྱི་ཚོགས་ལ་སྔར་བས་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས།སྒྱུར་བཅོས་དེར་སྐུལ་མ་གཏོང་བར་འབྲེལ་ཡོད་ལག་བསྟར་དང་བཀོལ་སྤྱོད་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་ཡོངས་བསྒྲགས་བྱེད་པ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་དང་འཚོལ་ཞིབ་རང་བཞིན་ཆེ་ཙམ་ལྡན་པའི་གནད་དོན་འགར་སྔོན་ལ་ཚོད་ལྟ་བྱེད་ཆོག
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།རིག་སྟོབས་ཐོན་ཁུངས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རྩ་ཆེ་ཤོས་ཀྱི་ཐོན་ཁུངས་ཤིག་རེད།ང་ཚོས་སྲིད་སྐྱོང་དོན་སྒྲུབ་བྱེད་པར་ངེས་པར་དུ་ཕྱོགས་ཁག་གི་བློ་གྲོས་གཅིག་སྡུད་བྱེད་མཁས་པ་དང་ཆེས་རྒྱ་ཁྱབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་མཁས་པ་བྱེད་དགོས།སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་ན།རིག་སྟོབས་ཀྱི་ཐོག་ནས་དེ་ཙམ་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས།ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རིག་མཛོད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་བསམ་བློ་ཐོན་པ་དང་།གྲུབ་འབྲས་ཐོབ་པ།ཤེས་ལྡན་པ་ཐོན་པ་བཅས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
    ཞིས་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་རྒྱུ་དེ་སྒྱུར་བཅོས་དང་ཁྲིམས་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད།ཁྲིམས་འཛུགས་དང་སྒྱུར་བཅོས་ཀྱི་ཐབས་ཇུས་སྦྲེལ་མཐུད་བྱས་ཏེ་སྒྱུར་བཅོས་གལ་ཆེན་བྱེད་སྐབས་གཞི་འཛིན་སའི་བཅའ་ཁྲིམས་ཡོད་པ་དང་ཁྲིམས་འཛུགས་སྐབས་རང་འགུལ་ངང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱེད་དགོས།སྒྱུར་བཅོས་ཀྱི་ཇུས་གཞི་དང་སྒྱུར་བཅོས་ཀྱི་བྱ་ཐབས་ལ་ཞིབ་འཇུག་བྱེད་སྐབས་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་གནད་དོན་ལ་དུས་གཅིག་ཏུ་བསམ་གཞིག་བྱེད་པ་དང་ཁྲིམས་འཛུགས་ཀྱི་དགོས་མཁོ་དང་ཁྲིམས་འཛུགས་ཀྱི་གྲོས་གཞི་དུས་ཐོག་ཏུ་འདོན་དགོས་ཞེས་གསུངས་པ་རེད།