མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་
ལག་བསྟར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་29ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དང་ཐོག་ཡང་དག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགག་རྩ་ནི་སྲ་ཞིང་བརྟན་པའི་ཆབ་སྲིད་འགན་ལེན་ཡོད་དགོས།
    “ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་བྱ་རྒྱུ་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གཞི་རྩའི་ཉམས་མྱོང་ཞིག་རེད” སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱེད་སྐབས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས”བྱ་རྒྱུ་གཞི་རྩའི་རྩ་དོན་དུ་བྱས་ཏེ“ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་བཏོན་པ་དང་།ཁྲིམས་སྐྱོང་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལྟེ་བའི་གནད་དོན་དེར་ལན་བཏབ་པ།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གཞི་རྩའི་ཁ་ཕྱོགས་གསལ་བཟོ་བྱས་པ་དང་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་པ་བཅས་རེད།
    1978ལོར་ཀྲུང་གོར་རྩ་ཁྲིམས་དང་གཉེན་སྒྲིག་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁ་ཤས་ལས་མེད་ཅིང་།2014ལོའི་ཟླ་3པ་བར་རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གོ་ཆོད་བཅའ་ཁྲིམས་ཁག་242ཟིན་ཡོད།གྲངས་ཀ་དེ་ལྟ་བུས་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མཚོན་གྱི་ཡོད།ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་བཟོས་པ་དེས་སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བར་སྐུལ་འདེད་གཏོང་བ་དང་།ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པ།ཁྲིམས་འཛིན་སྒྱུར་བཅོས་བྱས་ཏེ་དྲང་གཞག་དང་དྲང་བདེན་འགན་ལེན་བྱེད་པ།ཁྲིམས་སྐྱོང་བསམ་ཕྱོགས་ཀྱིས་འགལ་ཟླའི་རྩོད་གཞི་སེལ་བ་སོགས་ཏང་གི་འགོ་ཁྲིད་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་དང་རྒྱ་ཆེར་བཏང་བ་དང་ཁྲིམས་སྐྱོང་ཀྲུང་གོའི་འཆར་འགོད་དེ་རིམ་བཞིན་དངོས་ཡོད་དུ་གྱུར་ཡོད།ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སླར་ཡང་བཀོད་སྒྲིག་བྱས་པ་དེ་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་ཐད་རང་གིས་རང་འཐུས་ཚང་དང་རང་གིས་རང་གོང་མཐོར་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་རྒྱལ་སྐྱོང་བསམ་བློ་དང་སྲིད་སྐྱོང་འདུ་ཤེས་མཚོན་ཡོད།
    ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་།དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་ལེན་ཞིག་རེད།རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཏང་གིས་མི་དམངས་སྣེ་ཁྲིད་དེ་གསར་བརྗེ་དང་།འཛུགས་སྐྲུན།སྒྱུར་བཅོས་བཅས་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་མཚོན་པ་དང་།ལོ་རྒྱུས་དང་མི་དམངས་ཀྱི་གདམ་གའི་ཁྲོད་ཆགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གནས་བབ་གཏན་འཁེལ་བྱས་པ་རེད།ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་ལག་ལེན་བསྟར་ཚེ་གཞི་ནས་མི་དམངས་རང་ཁྱིམ་རང་བདག་མངོན་འགྱུར་གང་ལེགས་ཐུབ་པ་དང་གཞི་ནས་རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཁྲིམས་སྐྱོང་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་གཅིག་གྱུར་ཡིན་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་ཏང་གི་འགོ་ཁྲིད་ཀྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས།ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡག་པོ་བྱ་རྒྱུ་དེ་རང་རྒྱལ་གྱི་ཁྲིམས་སྐྱོང་དང་ནུབ་ཕྱོགས་ཀྱི“ཁྲིམས་སྲིད”ཟེར་བའི་དབར་གྱི་གཞི་རྩའི་ཧེ་བག་རེད།
    དེང་སྐབས་སྤྱི་ཚོགས་ཀྱི་རྣམ་པ་འགྱུར་རྒྱུ་དེ་རྙོག་འཛིང་ཆེ་སར་སླེབས་པ་དང་།ཁྲིམས་སྐྱོང་གི་ནུས་པ་དང་གནས་བབ་དེ་བས་མངོན་གསལ་དོད་དུ་འགྲོ་གི་ཡོད།སྟག་སྦྲང་མཉམ་རྡུང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བར་དང་།དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་གོང་རིམ་གྱི་ཇུས་འགོད་རྩེ་གྲ་བྱེད་དགོས་པ་མ་ཟད།གཞི་རིམ་གྱི་བཅོས་སྐྱོང་ཡང་བྱེད་དགོས་སྟབས་ཁྱོན་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་ཏང་གི་ནུས་པ་གལ་འགངས་ཧ་ཅང་ཆེན་པོ་ཡོད།ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་རྩ་བའི་བླང་བྱ་དང་།ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་བ་ཡོད་པ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྙིང་དོན་བཅས་རེད།
    ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྟོང་གཏམ་ཞིག་མིན་པར་ངེས་པར་དུ་ཏང་གི་འགོ་ཁྲིད་དེ་ཁྲིམས་བཟོ་བ་དང་།ཁྲིམས་སྐྱོང་འགན་ལེན།ཁྲིམས་འཛིན་ལ་རྒྱབ་སྐྱོར།སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་ཐད་མཚོན་དགོས།ཕྱོགས་གཅིག་ནས་ཏང་གི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་ཁག་གི་ལས་ཀར་སྤྱི་འདོམས་བྱས་ཐོག་ཏང་གི་དགོངས་ཚུལ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཐད་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།ཕྱོགས་གཞན་ཞིག་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཏང་གི་འགོ་ཁྲིད་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ཏང་གི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས།ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་རང་རྟོགས་ཀྱི་བྱ་སྤྱོད་སྤེལ་བ་དང་།ཏང་ཡོན་ལས་བྱེད་པས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བ་ལས་ཁྲིམས་འགལ་ངང་དབང་ཆ་སྤྱོད་མི་རུང་ལ།གཏམ་བཤད་ཀྱིས་ཁྲིམས་ཚབ་བྱེད་པ་དང་།དབང་ཤུགས་ཀྱིས་ཁྲིམས་གནོན་པ།ཉེ་ཕྱོགས་ཁྲིམས་བཤིག་བཅས་དེ་བས་བྱེད་མི་རུང་།