མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་པ་ཡུས་ལ་མཇལ་འཕྲད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་ཐེ་རྒྱལ་ཁབ་གཉིས་ནི་ཁྱིམ་ཚང་གཅིག་གི་མི་ལྟར་སྙིང་ཉེ་བ་ཡིན། ཙུང་ལི་པ་ཡུས་དང་ཐེ་ལན་རྒྱལ་ཁབ་ཀྱི་སྲིད་གཞུང་སྐབས་གསར་པས་འགོ་ཁྲིད་བྱེད་པའི་འོག་ཐེ་ལན་རྒྱལ་ཁབ་བརྟན་ལྷིང་དུ་གནས་ཤིང་། བསྒྱུར་བཅོས་ཁག་འཆར་གཞི་ལྟར་གོང་དུ་སྤེལ་བཞིན་ཡོད་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་ཐེ་ལན་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་། མི་དམངས་བདེ་འཁོད་ལས་བརྩོན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཐེ་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ཐེ་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀའི་བར་ལྕགས་ལམ་དང་། ཆུ་བེད། ནུས་ཁུངས། སློབ་གསོ་ལ་སོགས་པའི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པས། མུ་མཐུད་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཐེ་ལན་རྒྱལ་ཁབ་ཏུ་མ་དངུལ་འཇོག་པར་འགྲོ་བར་བསྔགས་སྐུལ་བྱེད་ཀྱི་ཡོད། སང་ལོ་ནི་ཀྲུང་ཐེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀས་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོཊ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་མི་རབས་ནས་མི་རབས་བར་འཛིན་སྐྱོང་སྤེལ་གསུམ་བྱེད་དུ་འཇུག་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཐ་ལན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པའི་རྒྱལ་ཁབ་ཡིན་པའི་ཐོག་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ཟབ་སྤེལ་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གནང་བར་བསྟོད་བསྔགས་བྱེད་ཀྱི་ཡིན་ལ། ཐེ་ལན་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་ཞི་བདེ་དང་། དར་རྒྱས་གོང་འཕེལ། འཆམ་མཐུན་བཅས་ཡོང་བར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།