མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་དང་པོའི་འཛམ་གླིང་འཕྲིན་སྦྲེལ་དྲ་རྒྱའི་ཚོགས་ཆེན་ལ་རྟེན་
འབྲེལ་ཞུ་ཡིག་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༩ཉིན་སྐབས་དང་པོའི་འཛམ་གླིང་འཕྲིན་སྦྲེལ་དྲ་རྒྱའི་ཚོགས་ཆེན་ཀྲེ་ཅང་ཞིང་ཆེན་ཝུའུ་གྲོང་རྡལ་དུ་འཚོག་འགོ་བརྩམས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་གནང་སྟེ་ཚོགས་ཆེན་འཚོག་འགོ་བརྩམས་པར་རྟེན་འབྲེལ་ཞུས་གནང་བ་དང་། ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་དཔོན་པོ་དང་། རྒྱལ་སྤྱིའི་ལས་ཁུངས་ཀྱི་འགོ་ཁྲིད་པ། དེ་བཞིན་ཆེད་མཁས་དང་། མཁས་པ། ཁེ་ལས་པ་སོགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་གི་ནང་དུ་དེང་གི་དུས་རབས་སུ་ཆ་འཕྲིན་གྱི་ལག་རྩལ་སྲོག་ཤིང་དུ་གྱུར་པའི་ཚན་རྩལ་གསར་བརྗེ་འཁོར་རིམ་གསར་པ་ཞིག་སྐྱེད་སྲིང་དར་འཕེལ་འགྲོ་བཞིན་ཡོད་པ་དང་། འཕྲིན་སྦྲེལ་དྲ་རྒྱ་ཉིན་རེ་བཞིན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་སྟོབས་ཤུགས་སུ་གྱུར་ནས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་བ་གཏིང་ཟབ་པོ་གཏོང་བ་དང་། སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད་པ་རེད། འཕྲིན་སྦྲེལ་དྲ་རྒྱས་འཛམ་གླིང་འདི་ཉིད་དངོས་འབྲེལ་གྲོང་སྡེ་གཅིག་ལྟར་གྱི་ས་གོ་ལར་འགྱུར་དུ་བཅུག་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་འདི་ཉིན་རེ་ལས་ཉིན་རེར་ཁྱེད་ང་དང་བྲལ་ཐབས་མེད་ལ་ང་ཡང་ཁྱེད་དང་བྲལ་ཐབས་མེད་པའི་སྐྱིད་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པ་ཞིག་ཏུ་འགྱུར་བར་བྱེད་བཞིན་ཡོད། དེ་དང་དུས་མཚུངས་སུ་འཕྲིན་སྦྲེལ་དྲ་རྒྱ་གོང་དུ་འཕེལ་བ་དེས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་འགྲན་སློང་གསར་པ་བཏོན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་ཚ་དགོས་གཏུག་གིས་ཁ་གཏད་ནན་ཏན་འཇལ་བ་དང་། མཉམ་སྐྱོང་བྱེད་ཐབས། མཉམ་རྒྱལ་མངོན་འགྱུར་བཅས་བྱ་དགོས་ཞེས་བསྟན་གནང་བ་རེད།