མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ལིས་མཛད་སྒོ་གཟབ་རྒྱས་སྤེལ་ཏེ་ཞིས་ཅིན་ཕིང་ལ་བསུ་བ་ཞུས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ལིས་མཛད་སྒོ་གཟབ་རྒྱས་སྤེལ་ཏེ་ཞིས་ཅིན་ཕིང་ལ་བསུ་བ་ཞུས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༡ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ལི་མུའུ་པའེ་ཉི་མ་ལ་མས་ཞིས་ཅིན་ཕིང་ལ་སྲོལ་རྒྱུན་གྱི་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་ཞིས་ཅིན་ཕིང་གིས་ས་གནས་དེ་གའི་སྲོལ་རྒྱུན་གྱི“པུའུ་ལ་འོག་འཇུག”བཞེས་པ་དང་སྐུ་ཟླ་ཕེང་ལི་ཡོན་ལ་མུའུ་པའེ་ཉི་མ་ལ་མ་སྟངས་དཔྱལ་གྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
         དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ཧྥི་ཅིའི་སྔར་སྡོད་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་ཞིས་ཅིན་ཕིང་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་ཉ་ཅིང་ཡུས་ཀྱི་སོ་དང་། རྩྭ་གདན། དབྱང་ཀེ་ན་ལྗོན་ཤིང་བཅས་ཕུལ་བ་དང་སྔར་སྡོད་མང་ཚོགས་ཀྱིས་སྐད་དང་གླུ་གར་ཐོག་ནས་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པ་བྱས་པ་རེད། སྔར་སྡོད་མང་ཚོགས་ཀྱིས་ཞིས་ཅིན་ཕིང་ལ་དབྱང་ཀེ་ན་ལྗོན་ཤིང་གི་རྩ་བ་ལས་བཟོས་པའི་ཁ་ཝ་བཏུང་བྱ་ཕུལ་བ་དང་ཞིས་ཅིན་ཕིང་གིས་དལ་བུར་ཚང་མ་གཙང་མ་མཆོད་པས་དེ་གར་སྤྲོ་སེམས་འཁོལ་བའི་དགའ་བསུའི་སྒྲ་གྲགས་པ་དང་ཞིས་ཅིན་ཕིང་གིས་དགའ་བསུ་ཞུས་གནང་ནས་གུས་ལན་གནང་བ་རེད།
        མུའུ་པའེ་ཉི་མ་ལ་མས་སྤྲོ་སེམས་འཁོལ་བའི་གསུང་བཤད་གནང་བ་དང་ཁོང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པར་ཧྥི་ཅི་མི་དམངས་ཚོས་སྤོབས་སེམས་སྐྱེ་བ་དང་སྙིང་དབུས་ནས་དགའ་བསུ་ཞུ་གི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧྥི་ཅི་ལ་བརྩི་འཇོག་དང་རྒྱབ་སྐྱོར་དང་ཧྥི་ཅིའི་འཕེལ་རྒྱས་ལ་རོགས་རམ་གནང་གི་ཡོད། ཀྲུང་གོ་ནི་ཧྥི་ཅིའི་གྲོགས་པོ་ངོ་མ་ཞིག་ཡིན་པ་དོན་དངོས་ནས་ར་སྤྲོད་བྱུང་ཡོད།
ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་རེས་འཚམས་འདྲི་གནང་བ་བརྒྱུད་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཧྥི་ཅིའི་སྲིད་གཞུང་དང་མི་དམངས་ཀྱིས་སྣེ་ལེན་གཟབ་རྒྱབ་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཙུང་ལི་མུའུ་པའེ་ཉི་མ་ལ་མས་ང་ཚོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྲོལ་རྒྱུན་གྱི་དགའ་བསུའི་མཛད་སྒོ་འཚོགས་པས་ང་ཚོར་ཁྱེད་ཚོས་ཀྲུང་གོ་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་ཚོར་བྱུང་། ང་ཚོས་གྲོགས་པོ་ཧྥི་ཅི་བ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་འགོ་ཁྲིད་ཀྱི་མཉམ་སྡེབ་ཐུགས་འཕྲད་ལ་ཕེབས་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་དང་སྐུ་ཟླ་དང་དེ་བཞིན་ཧྥི་ཅི་རུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཡང་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།