མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།ཞིས་ཅིན་ཕིང་གིས་རྩ་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏིན་ཏིག་བཏང་ནས་ཕྱོགས་ཡོངས་
ནས་རྩ་ཁྲིམས་མཐའ་འཁྱོངས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དང་པོ་འདི་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་ནན་བཤད་གནང་བར། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པ་དང་། རྒྱལ་སྐྱོང་བདེ་འགོད་བྱ་རྒྱུའི་སྤྱིའི་བསྒྲིགས་ཡིག་ཡིན་ལ། ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་སུ་མཚོན་པ་ཞིག་ཀྱང་ཡིན་པས། བཅའ་ཁྲིམས་ཀྱི་གོ་གནས་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་ཆེ་ཤོས་ལྡན་པ་རེད། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་། དོན་དངོས་དང་མཐུན་ལ། དུས་རབས་གོང་དུ་འཕེལ་བའི་དགོས་འདུན་དང་ཡང་མཐུན་པའི་རྩ་ཁྲིམས་བཟང་པོ་ཞིག་ཡིན་ལ། ང་ཚོའི་རྒྱལ་ཁབ་དང་མི་དམངས་དཀའ་ངལ་དང་ཉེན་ཁ་སྣ་མང་གི་ཉམས་སད་ཐེབས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་དེ་མདུན་དུ་བསྐྱོད་པའི་རྩ་བའི་ཁྲིམས་ལུགས་ཐོག་གི་འགན་ལེན་ཡང་རེད། ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་བྱ་དགོས་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་དོན་སྐྱོང་བ་མཐའ་འཁྱོངས་བྱ་དགོས། ཏང་གིས་འགོ་ཁྲིད་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་བཅས་གཅིག་གྱུར་ཧ་ཅང་ཆེ་བ་མཐའ་འཁྱོངས་བྱ་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་དགོས་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུའང་བྱ་དགོས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་འཛུགས་པ་གོ་སྐབས་སུ་བཟུང་སྟེ་རྩ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོ་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཕྱོགས་ཡོངས་ནས་རྩ་ཁྲིམས་མཐའ་འཁྱོངས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཐོག་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཅས་བྱེད་པའི་ཁྲོད་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་ལེགས་པར་བྱ་དགོས།