མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་
སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་
སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༣ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོཊ་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ནན་ཅིང་དུ་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་གནའ་སྔ་མོ་ནས་བཟུང་ཞི་བདེ་ནི་མིའི་རིགས་ཀྱི་ཆེས་རྒྱུན་རིང་གི་བསམ་འདུན་ཞིག་ཡིན། ཞི་བདེ་ནི་དྲོ་འཇམ་ཉི་འོད་དང་འདྲ་ལ་སྦྲང་ཆར་དང་ཡང་འདྲ། ཉི་འོད་དང་སྦྲང་ཆར་ཡོད་ཚེ་སྐྱེ་དངོས་མཐའ་དག་སྐྱོན་བྲལ་ངང་འཚར་ལོངས་འབྱུང་ཐུབ། ཞི་བདེ་བརྟན་ལྷིང་ཡོད་ཚེ་མིའི་རིགས་ཀྱིས་གཞི་ནས་དེ་བས་ལེགས་པའི་སྒོ་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ། ཞི་བདེར་བརྩོན་ལེན་དང་སྲུང་སྐྱོང་བྱེད་དགོས་པ་དེ་ལོ་རྒྱུས་ཀྱིས་ང་ཚོར་བཤད་ཡོད། མི་ཚང་མས་ཞི་བདེར་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པ་དང་། མི་ཚང་མས་དམག་འཁྲུག་གི་ཡིད་སྐྱོ་བའི་བསླབ་བྱ་སེམས་སུ་ངེས་ཚེ་གཞི་ནས་ཞི་བདེ་ཡོང་རེ་ཡོད་ཅེས་ནན་བཤད་གནང་བ་རེད།
         ༡༩༣༧ལོའི་ཟླ་༡༢ཚེས་༡༣ཉིན་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་གྱི་དམག་དཔུང་གིས་ནན་ཅིང་དུ་བཙན་འཛུལ་བྱས་ནས་རང་རེའི་སྤུན་ཟླར་ཉིན་༤༠ལྷག་ཙམ་རིང་མི་ཆོས་ལས་འདས་པའི་དམར་གསོད་ཆེན་པོ་བཏང་ནས་མི་ཁྲི་༣༠ཡ་ང་སྙིང་རྗེ་མེད་པར་དམར་གསོད་བཏང་སྟེ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་ཆེས་མུན་ནག་གི་ཤོག་ལྷེ་ཞིག་བཞག་པ་རེད། ༢༠༡༤ལོའི་ཟླ་༢ཚེས་༢༧ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འབེབས་ལ་གྲོས་འཆམ་བྱས་ཏེ་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་ཟླ་༡༢ཚེས་༡༣ཉིན་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་བཙུགས་པ་རེད།
         སྤྱི་མཆོད་མཛད་སྒོ་དེ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་གྱི་དམག་དཔུང་གིས་ནན་ཅིང་དམར་གསོད་ཆེན་པོ་བྱས་པའི་ནང་རྐྱེན་ལམ་དུ་བཏང་བའི་སྤུན་ཟླའི་དྲན་གསོ་ཁང་དུ་འཚོགས་པ་རེད། ཆུ་ཚོད་བཅུ་པ་ཏག་ཏག་ལ་སྤྱི་མཆོད་མཛད་སྒོ་འགོ་ཚུགས་པ་རེད། དམག་མིའི་རོལ་ཆ་ཚོགས་པས་<<བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་>>དཀྲོལ་བ་དང་ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཐོན་པོར་བཏང་བ་རེད། སྐད་གསང་མཐོ་བའི་གླུ་སྒྲ་ནམ་མཁའི་དབྱིངས་སུ་གྲགས། རྒྱལ་གླུ་བཏང་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིང་དམག་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་ངག་བསྡམས་ནས་མྱ་ངན་ཞུས་ཤིང་། སྤྱི་མཆོད་བྱ་ཡུལ་དུ་མཁའ་ཟོན་ཉེན་བརྡ་བཏང་བ་རེད། དུས་དེར་ནན་ཅིང་གྲོང་ཁྱེར་ཡོངས་སུ་ཉེན་བརྡ་བཏང་བ་དང་རླངས་འཁོར་དང་། མེ་འཁོར། གྲུ་གཟིངས་བཅས་ཀྱིས་མཉམ་དུ་དུང་བརྡ་བཏང་བ་རེད། དེ་རྗེས་ཞིས་ཅིན་ཕིང་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་སྲོག་ཉེན་ལས་ཐར་མཁན་གྱི་འཐུས་མི་ལོ་༨༥ལ་སླེབས་པའི་ཞ་ཧྲུའུ་ཆིན་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་གཅིག་དང་མཉམ་དུ་སྤྱི་མཆོད་སྟེགས་བུར་ག་ལེར་ཕེབས་ཏེ་རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཆེན་པོའི་ཡོལ་བ་ཕྱེ་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་ནང་དེ་རིང་ང་ཚོས་འདི་གར་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་འཚོགས་ནས་ནན་ཅིང་དམར་གསོད་ཆེན་པོའི་ནང་ཉེས་མེད་དུ་གྲོངས་མཁན་ལ་དྲན་གསོ་ཞུ་བ་དང་། རི་པིན་བཙན་འཛུལ་བས་དམར་གསོད་བཏང་བའི་སྤུན་ཟླ་ཡོངས་ལ་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལུས་སྲོག་འབུལ་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་དྲན་གསོ་ཞུ་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་ཀྲུང་གོ་མི་དམངས་ཀྱི་བླ་ན་མེད་པའི་བསམ་འདུན་མཚོན་པར་བྱེད་པ་དང་། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། འདས་དོན་མི་བརྗེད་པ། ཞི་བདེར་གཅེས་སྤྲས། འབྱུང་འགྱུར་གཏོད་པའི་ཀྲུང་གོ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རི་པིན་བཙན་འཛུལ་པས་བཟོས་པའི་ནན་ཅིང་དམར་གསོད་ཆེན་པོའི་སྐྱོ་གནས་ཀྱིས་འཛམ་གླིང་ཧང་སངས་བ་དང་གཤིས་བཟང་ལྡན་པའི་མི་ཚང་མ་ཧང་སངས་བ་རེད། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་རྗེས་རྒྱང་ཤར་རྒྱལ་སྤྱིའི་དམག་དོན་ཁྲིམས་ར་དང་དམག་འཁྲུག་ཉེས་ཅན་ལ་འདྲི་གཅོད་བྱེད་པའི་ཀྲུང་གོའི་ཁྲིམས་རས་ནན་ཅིང་དམར་གསོད་ཆེན་པོའི་སྐྱོ་གནས་ལ་བརྟག་དཔྱད་བྱས་པ་དང་འབྲེལ་བཅའ་ཁྲིམས་ཐོག་ནས་ངོ་བོ་གཏན་འཁེལ་དང་ཚིག་ཐག་བཅད་པར་བརྟེན་ལག་གཉིས་ཀྲུང་གོའི་མི་དམངས་ཀྱི་ཁྲག་དྲོན་གྱིས་འཚོས་པའི་རི་པིན་གྱི་དམག་འཁྲུག་ཉེས་ཅན་ཁག་གཅིག་ལ་བཅའ་ཁྲིམས་དང་དྲང་བདེན་གྱི་འདྲི་གཅོད་བྱས་པ་དང་ཆད་པ་ནན་པོ་བཅད་དེ་ལོ་རྒྱུས་ཀྱི་དམའ་འབྱིན་ཀ་བའི་ཐོག་ཇི་སྲིད་བར་གནས་པར་བྱས་པ་རེད། ལོ་རྒྱུས་དེ་དུས་རབས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་འགྱུར་ལྡོག་འགྲོ་མི་སྲིད་པ་དང་དོན་དངོས་ཀྱང་ཁ་བདེ་ལྕེ་བདེ་བྱས་ཀྱང་མེད་པ་བཟོ་མི་སྲིད་ཅེས་བསྟན་པ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་ནན་ཅིང་དམར་གསོད་ཆེན་པོའི་ནང་གི་རྐྱེན་ལམ་དུ་ཤོར་བའི་འདས་པོར་སྤྱི་མཆོད་ཀྱི་མཛད་སྒོ་སྤེལ་བ་དེ་ནི་གཤིས་བཟང་གི་མི་རྣམས་ཀྱིས་ཞི་བདེར་རེ་སྨོན་དང་ཞི་བདེ་བརྟན་སྲུང་བྱ་རྒྱུར་འབོད་སྐུལ་བྱས་པ་ཞིག་ཡིན་པ་ལས་མུ་མཐུད་འཁོན་འཛིན་བྱ་རྒྱུ་དེ་མིན། ཀྲུང་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་མཛའ་མཐུན་བྱེད་པ་དང་། ལོ་རྒྱུས་མེ་ལོང་དུ་འཛིན་ཏེ་འབྱུང་འགྱུར་ལ་ཁ་ཕྱོགས་ནས་མིའི་རིགས་ཀྱི་ཞི་བདེའི་ཆེད་དུ་ཐུན་མོང་ཐོག་ལེགས་སྐྱེས་འབུལ་དགོས། ལོ་རྒྱུས་བརྗེད་པ་དེ་རྒྱབ་གཏོད་བྱེད་པ་མཚོན་པ་དང་ནག་ཉེས་ཁས་ལེན་མ་བྱས་ན་བསྐྱར་དུ་ཉེས་པ་གསོག་པ་མཚོན་གྱི་ཡོད། བཙན་འཛུལ་དམག་འཁྲུག་གི་ལོ་རྒྱུས་མཁྲེགས་འཛིན་གྱི་རྣམ་འགྱུར་འཛིན་པ་དང་བཙན་འཛུལ་དམག་འཁྲུག་གི་ངོ་བོ་མཛེས་བཟོ་བྱེད་པའི་གཏམ་བརྗོད་ཚང་མ་ཇི་ཙམ་བཤད་པ་དང་མཛེས་རྒྱན་ཇི་ཙམ་སྤྲས་ཀྱང་ཚང་མ་མིའི་རིགས་ཀྱི་ཞི་བདེ་དང་དྲང་བདེན་ལ་གནོད་འཚེ་བཏང་བ་ཞིག་རེད། ནོར་འཁྲུལ་གྱི་གཏམ་སྤྱོད་དེ་དག་ལ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་རྣམས་ཀྱིས་ངེས་པར་དུ་ཚད་མཐོའི་དོགས་ཟོན་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཞིས་ཅིན་ཕིང་གིས་དུས་འདིར་ང་ཚོས་ནན་ཅིང་དམར་གསོད་ཆེན་པོའི་སྐྱོ་གནས་ནང་སྲོག་ཤོར་བའི་སྤུན་ཟླ་ཚོར་སེམས་གསོ་དང་། རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་ནང་སྟབས་མ་ལེགས་པར་གྲོངས་པའི་སྤུན་ཟླ་ཚོར་སེམས་གསོ། ཉེ་རབས་ནས་བཟུང་ཀྲུང་གོས་ཕྱི་རྒྱལ་གྱི་བཙན་འཛུལ་འགོག་རྒོལ་བྱེད་པའི་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྤུན་ཟླ་ཚོར་སེམས་གསོ། མི་རིགས་རང་ཚུགས་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་བརྩོན་ལེན་བྱེད་པའི་རླབས་ཆེན་འཐབ་རྩོད་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྤུན་ཟླ་ཚོར་སེམས་གསོ་བཅས་བྱ་རྒྱུ་ཡིན་ཏེ་ད་ཆའི་ཀྲུང་གོ་འདི་ཉིད་མི་དམངས་ཀྱི་ཞི་བདེའི་འཚོ་བ་སྲུང་སྐྱོང་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་ནུས་པ་ལྡན་པའི་རླབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བ་དང་། རང་སྣང་གང་ཤར་གྱི་མནར་གཅོད་དང་བརྙས་བཅོས་ཚད་མེད་མྱོང་བའི་ཀྲུང་ཧྭ་མི་རིགས་ཀྱི་དུས་རབས་བསྐྱར་དུ་གནས་མེད། ཀྲུང་གོའི་མི་དམངས་ཀྱིས་སྤོབས་པ་ཆེར་སྐྱེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད”ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་མདུན་ལམ་ལ་འོད་སྟོང་ཚད་མེད་ལྡན་པ་དེ་རེད་ཅེས་བསྟན་པ་རེད།