མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་༡༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཞི་པའི་སྲིད་གཞུང་
གི་འགན་བཞེས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་༡༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཞི་པའི་སྲིད་གཞུང་
གི་འགན་བཞེས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༢༠ཉིན་གྱི་སྔ་དྲོར་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་༡༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཞི་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་དེ་ཨའོ་མོན་གྱི་ཡེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་ཆེན་དུ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཀྲུང་དབྱང་སྲིད་གཞུང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཐུན་མོང་ཐོག་འབད་བརྩོན་བྱས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ་ཨའོ་མོན་དུ་ལག་ལེན་བསྟར་བར་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་བརྩམས་ངེས་རེད་ཅེས་ནན་བཤད་གནང་བ་རེད།
         ཚོགས་རའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཀལ་ནས་རྣམ་པ་གཟབ་ཅིང་རྒྱས་ལ་སྤྲོ་སེམས་རབ་ཏུ་འཁོལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་སྐུ་ཟླ་ཧོ་ཧུའེ་ཧྥེང་གི་ཕེབས་རོགས་འོག་ཞིས་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་དགའ་བསུ་ཞུས།
         སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་ཐོག་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་དུ་འགོ་ཚུགས་པ་རེད།
         ཞིས་ཅིན་ཕིང་ཀྲུའུ་ཞི་སྟེགས་བུར་ཕེབས་ནས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ཞིང་། ཚུའེ་ཧྲི་ཨན་གྱིས་དང་ཐོག་འགན་བཞེས་དམ་བཅའ་བཞག་པ་དང་། ཁོང་གིས་རྒྱལ་དར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་མདུན་དུ་ལག་གཡོན་མ་བཀྱག་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམ་ཚིག་གཞིར་བཟུང་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག དམ་བཅའ་བཞག་རྗེས་ཞིས་ཅིན་ཕིང་གིས་ཚུའེ་ཧྲི་ཨན་དང་ཕྱག་བཏང་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ཐོག་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཞི་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ་ནི་ཚུའེ་ཧྲི་ཨན་གྱི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་བཞག དམ་བཅའ་བཞག་རྗེས་ཞིས་ཅིན་ཕིང་གིས་ཁོང་ཚོ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་རེད།
         དེ་རྗེས་ཚུའེ་ཧྲི་ཨན་གྱིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་ཐོག་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ཨུ་ལྷན་གྱི་ཨུ་ཡོན་རྣམས་ཀྱིས་འགན་བཞེས་དམ་བཅའ་བཞག་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་གནང་བ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཞི་པའི་སྲིད་འཛིན་དཔོན་གྱི་འགན་གསར་དུ་འཁུར་མཁན་ཚུའེ་ཧྲི་ཨན་དང་སྐབས་བཞི་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་སྲིད་འཛིན་ཨུ་ལྷན་གྱི་ཨུ་ཡོན་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ། ཨའོ་མོན་ལ་སེམས་ཁུར་བྱེད་མཁན་ཡོངས་དང་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་ཚོ་དང་། རྒྱལ་སྤྱིའི་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་༡༥ཡི་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དེར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་།“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དེ་ཨའོ་མོན་གྱི་སྤྱི་ཚོགས་དང་མི་སེམས་ལ་ཟབ་མོ་ཟུག་པ་དང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱུང་བ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལ་བརྟེན་ནས་བཟོས་པའི་སྒྲིག་ལམ་དེར་བརྩི་འཇོག་དང་སྲུང་སྐྱོང་གང་ལེགས་བྱུང་བ། ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་དོ་དམ་བཅོས་སྐྱོང་བྱེད་དབང་བེད་སྤྱོད་ནུས་ལྡན་ཐུབ་པ། དམིགས་བསལ་སྲིད་འཛིན་ཁུལ་ལ་ཡོད་པའི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་གང་ལེགས་བྱུང་བ་བཅས་རེད། དུས་མཚུངས་ཨའོ་མོན་དང་མེས་རྒྱལ་ནང་སའི་དབར་གྱི་སྤེལ་རེས་དང་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུཊ་སྐྲུན་ཆེད་མུ་མཐུད་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་ཕུལ་བ་དང་། མེས་རྒྱལ་འཕེལ་རྒྱས་འགྲོ་བ་ལས་བྱུང་པའི་གོ་སྐབས་དང་ཕན་འབྲས་ལོངས་སྤྱོད་བྱེད་ཀྱི་ཡོད། སྤུན་ཟླ་ཨའོ་མོན་བས་རྒྱལ་ཁབ་ལ་མོས་སེམས་དང་བློ་ཁ་ཕྱོགས་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཤ་ཁྲག་འདྲེས་པ་ལྟ་བུའི་མི་རིགས་ཀྱི་བརྩེ་དུང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་ཀུན་འདུས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པའི་ཨའོ་མོན་གྱིས་གསོན་ཤུགས་རབ་ཏུ་ལྡན་པའི་གཟུགས་བརྙན་མངོན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་བར་ངེས་པར་དུ་ཡང་འབད་བསྐྱར་འབད་དང་གསར་འབྱེད་ཡར་བརྩོན་བྱས་ནས་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཆེད་སྲ་ཤིང་བརྟན་པའི་རྨང་གཞི་ཞིག་འདིང་དགོས་ཞེས་ནན་བཤད་གནང་བ་རེད། ཁོང་གིས་བླང་བྱ་བཞི་བཏོན་གནང་བ་སྟེ་དང་པོ། མུ་མཐུད་འབད་འབུངས་ལྷོད་མེད་བྱས་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་ལྟར་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱ་ཐབས་ལ་བརྟེན་ནས་བཅོས་སྐྱོང་བྱེད་མཁས་པ་དང་། ལྷག་དོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་འཚམ་པའི་ལམ་ལུགས་དང་བཅའ་ཁྲིམས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ཨའོ་མོན་སྐྱོང་བའི་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་སྲིད་བརྩོན་དང་། སྤྱོད་གཙང་། ནུས་མཐོ། གཞུང་དྲང་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་ཧུར་ཐག་གཏོད་པ་དང་གཞུང་ལས་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཧྲིལ་པོར་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁྲིམས་སྐྱོང་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། གཉིས་པ། མུ་མཐུད་སྤྱི་འདོམས་འཆར་འགོད་བྱས་ནས་ཨའོ་མོན་འདི་ཉིད་དཔལ་འབྱོར་འོས་འཚམ་དང་སྣ་མང་ཅན་དུ་རྒྱུན་སྲིང་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། དེ་ནི་ཨའོ་མོན་གྱི་གྲོང་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད་ལ་ས་ཁོངས་འཕེལ་རྒྱས་དང་ཐ་ན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་རེད། མཐོ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་ཞིབ་ཕྲའི་སྐུལ་གཏོང་གོམ་སྟབས་དང་བྱ་ཐབས་བཟོས་ཏེ་རང་ངོས་འཕེལ་རྒྱས་གཏོང་བའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་བ་དང་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལམ་གཉིས་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཨའོ་མོན་འཕེལ་རྒྱས་གཏོང་བའི་བར་ཁྱམས་རྒྱ་ཆེར་བཏང་ནས་ནང་ས་དང་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཡར་ཐོན་ཡོང་བ་བྱེད་དགོས། གསུམ་པ། མུ་མཐུད་རྨང་གཞི་བརྟན་དུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཧུར་ཐག་ཡོང་བ་བྱེད་དགོས། མི་རྩ་བར་འཛིན་པའི་སྲིད་འཛིན་འདུ་ཤེས་རྒྱུན་འཁྱོངས་ཀྱིས་དམངས་ཀྱི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་དཀའ་གནད་སེལ་བ། སྤྱི་ཚོགས་ཀྱི་རེ་འབོད་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་ཁག་གི་ཁེ་ཕན་དོ་སྙོམས་ཡོང་བ་བྱེད་པ། དེ་བས་དྲང་གཞག་དྲང་བདེན་གྱི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གཏོད་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཡུལ་མི་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དེ་བས་ལེགས་པ་ཐུབ་པ་བྱེད་དགོས། བཞི་པ། མུ་མཐུད་འབྱུང་འགྱུར་ལ་ཁ་ཕྱོགས་ནས་གཞོན་ནུ་ལོ་ཆུང་ལ་སློབ་གསོ་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་ནི་ཨའོ་མོན་གྱི་རེ་བ་ཡིན་ལ་རྒྱལ་ཁབ་ཀྱི་རེ་བའང་ཡིན་ཞིང་། ཨའོ་མོན་དང་མེས་རྒྱལ་གྱི་འབྱུང་འགྱུར་དང་འབྲེལ་བ་དམ་ཟབ་ཡོད། རྒྱལ་གཅེས་ཨའོ་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱེད་པར་གཞོན་ནུ་ལོ་ཆུང་ལ་སློབ་གསོ་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཞོན་ནུའི་མི་རབས་ལ་ཐུགས་ཁུར་དང་གཅེས་སྐྱོང་གིས་ཁོང་ཚོ་འཚར་ལོངས་དང་། འཇོན་ཐང་ཅན་དུ་འགྱུར་རྒྱུ། གྲུབ་འབྲས་ལྡན་པ་ཡོང་རྒྱུ་བཅས་ཀྱི་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཤིག་རེད། གཞི་རྩའི་རྒྱལ་ཇུས་དེ་མཐའ་འཁྱོངས་ཧུར་ཐག་བྱེད་རྒྱུ་ནི་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན། དེ་རྒྱལ་ཁབ་དང་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་ལ་ཤང་ཀང་དང་ཨའོ་མོན་གྱི་སྤྱི་ཡོངས་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། ཕྱི་ཕྱོགས་ཀྱི་མ་འཇོག་མཁན་གྱི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་བར་ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཞི་རྩའི་དམིགས་ཡུལ་སྟངས་འཛིན་ནན་པོ་ཐུབ་པ་བྱས་ནས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་དང་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཁྲིམས་ལྟར་ཤང་ཀང་སྐྱོང་བ་དང་ཁྲིམས་ལྟར་ཨའོ་མོན་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཁྲིམས་ལྟར་འགན་ལེན་བྱེད་དགོས་པ། ངེས་པར་དུ་རྒྱལ་ཁབ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་ལམ་ལུགས་གཉིས་ཀྱི་ཧེ་བག་ལ་བརྩི་འཇོག་ཞུ་བ་དང་། ཀྲུང་དབྱང་གི་དབང་ཆ་སྲུང་སྐྱོང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་བྱེད་པ། མེས་རྒྱལ་ནང་སའི་རྒྱབ་རྟེན་བརྟན་པོའི་ནུས་པ་འདོན་སྤེལ་དང་ཤང་ཀང་དང་ཨའོ་མོན་རང་ངོས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་དུས་གང་ཞིག་ཏུའང་ཕྱོགས་གཅིག་ལས་མི་འཛིན་པ་བྱེད་མི་རུང་།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ནི་ཀྲུང་དབྱང་སྲིད་གཞུང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་སྤུན་ཟླ་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པས་དཀའ་ངལ་དང་འགྲན་སློང་གང་འདྲ་ཞིག་འཕྲད་རུང་ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་ཆོད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་རྒྱུ་མེད། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མི་སྲིད་པའི་ནན་བཤད་གནང་བ་རེད། ཚུའེ་ཧྲི་ཨན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཡིད་ཆེས་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨའོ་མོན་གྱི་ཡུལ་མི་ཚོས་གཅེས་སྐྱོང་དང་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་དམ་ཚིག་བློ་ལ་བརྟན་པོར་ངེས་ནས་དད་སེམས་བརྟན་པོ་སྲུང་བ་དང་འགན་འཁྲི་མི་འདོར་བ་དང་མངགས་བཅོལ་ནན་པོ་ཆུད་ཟོས་སུ་གཏོང་གི་མིན། ནུས་ཤུགས་ཡོད་རྒུས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་།“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་བཏང་ནས་ཁྱོན་ཡོངས་དང་། ཆ་ཚང་བ། ཡང་དག་པ་བཅས་ཀྱི་སྒོ་ནས་གཞི་རྩའི་བཅའ་ཁྲིམས་ལ་གོ་བ་ལེན་པ་དང་ལག་བསྟར་གྱིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱས་ཐོག་ནུས་ཤུགས་ཡོད་རྒུས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་བྱ་རྒྱུ་ཡིན། ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཨའོ་མོན་ཡུལ་མི་ཚོའི་ཕྱར་བ་གྲུ་འདེགས་འོག་ང་ཚོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་ཨའོ་མོན་གྱི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད།
         ཝང་ཧུའུ་ཉིང་དང་། ཧྥན་ཁྲང་ལུང་། ལི་ཀྲན་ཧྲུའུ། ཝང་ཁྲེན། དབྱང་ཅེ་ཁྲེ། ཀྲང་ཆིང་ལི་སོགས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་འགན་བཞེས་མཛད་སྒོར་ཞུགས་ཡོད་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིན་དང་དེ་བཞིན་ཨའོ་མོན་ལས་རིགས་ཁག་གི་འཐུས་མི་དང་དམིགས་བསལ་གདན་ཞུས་སྐུ་མགྲོན་ཡང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་འགན་བཞེས་མཛད་སྒོར་ཞུགས་ཡོད་པ་རེད།
         འགན་བཞེས་མཛད་སྒོ་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་གོ་གནས་གསར་དུ་བཞེས་མཁན་དཔོན་རིགས་དང་དེ་བཞིན་ཁྲིམས་འཛུགས་དང་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྤྱི་ཚོགས་ལས་རིགས་ཁག་གིས་ཚང་མར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པས་ཁྱེད་ཚོས་ལས་འགན་འཁུར་རྗེས་གང་མགྱོགས་ལས་ཀ་རྒྱུས་མངའ་ཐུབ་པ་བྱས་ནས་ཕྱོགས་ཁག་གི་ལས་དོན་བདེ་བླག་ངང་རྩིས་སྤྲོད་དང་བརྟན་པོའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཁྱོན་ཡོངས་ཀྱི་ལྟ་བ་དང་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ལས་དོན་སྒྲུབ་པ་དང་རང་རྟོགས་ངང་སྲིད་འཛིན་དཔོན་གྱི་དབང་གྲགས་སྲུང་སྐྱོང་བྱས་ཏེ་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་ལས་ཁུངས་འཁོར་རྒྱུག་བདེ་བླག་ཡོང་བ་བྱེད་དགོས། གྲོང་མི་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ནས་འགོ་བཙུགས་ཏེ་བྱ་བ་དངོས་འགའ་ཞིག་དམ་འཛིན་གྱིས་ཕན་འབྲས་དངོས་ཐོབ་པ་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་གནད་དོན་དང་འཕྲད་སྲིད་པའི་འགྲན་སློང་མདུན་དུ་དཔའ་ངར་ཆེན་པོས་འགན་འཁུར་ཕོད་པ་དང་འཐབ་ཕོད་པ་བྱས་ནས་འཆར་འགོད་སྔ་ཙམ་བྱེད་པ་དང་ཉེན་ཁ་སྔ་སྣུར་དུ་སེལ་ཐུབ་པ་བྱེད་དགོས་ལ་རྒྱུན་འཁྱོངས་ལྷོད་མེད་དང་འབད་བརྩོན་ལྷོད་མེད་ཀྱང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་གྱི་འགྱུར་མེད་སྟོབས་ལྡན་གྱི་སྣེ་ཁྲིད་འོག་ཚང་མས་ཧུར་བརྩོན་རྒྱལ་སྐྱོང་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཨའོ་མོན་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ལག་གདང་སྦྲེལ་ནས་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་གཏོད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། ཝང་ཧུའུ་ཉིང་དང་། ཧྥན་ཁྲང་ལུང་། ལི་ཀྲན་ཧྲུའུ། ཝང་ཁྲེན། དབྱང་ཅེ་ཁྲེ། ཀྲང་ཆིང་ལི་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་ཡང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།