མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱིད་གསར་དུས་ཆེན་ལ་
རྟེན་འབྲེལ་ཞུ་བའི་ལྷན་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་25ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱིད་གསར་དུས་ཆེན་ལ་
རྟེན་འབྲེལ་ཞུ་བའི་ལྷན་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་17ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོར་2015ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ལྷན་འཛོམས་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་དབན་གྱི་སྤུན་ཟླ། ཕྱིར་སྡོད་ཀྲུང་གོ་བ་བཅས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་གནང་བ་རེད།
         ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེན། ལིའུ་ཡུན་ཧན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ལྷན་འཛོམས་ནང་ཞུགས་པ་དང་ལེ་ཁེ་ཆང་གིས་གཙོ་སྐྱོང་གནང་བ་རེད།
        ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ལོ་གསར་ནི་འདས་ཟིན་པའི་ལོར་ཕྱོགས་སྡོམ་བྱེད་པའི་དུས་ཤིག་རེད། འདས་ཟིན་པའི་ལོ་གཅིག་ནི་དཀའ་སྤྱད་འབད་བརྩོན་བྱེད་པའི་ལོ་ཞིག་རེད་ལ་གྲུབ་འབྲས་ཕུལ་བྱུང་ཐོབ་པའི་ལོ་ཞིག་ཀྱང་རེད། ལོ་དེ་ནི་ང་ཚོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན་ཞིང་། རྒྱལ་ནང་གི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ་དང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིག་དང་མི་བརྒྱ་སེམས་གཅིག་བྱས་ནས་བརྟན་ཁྲོད་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྩ་དོན་མཐའ་འཁྱོངས་ཀྱིས་གོམ་སྟབས་བརྟན་པོའི་ངང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་སྲིང་ངང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏན་ཏིག་ནུས་ལྡན་གྱིས་དམངས་འཚོ་ལེགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ལས་དོན་ཧུར་ཐག་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བཅས་བྱས་པས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཕྱོགས་ཁག་ལ་ཡར་རྒྱས་གསར་པ་ཆེན་པོ་བྱུང་ཡོད། ང་ཚོས་རླབས་ཆེན་མེས་རྒྱལ་ལ་སྤོབས་པ་བྱེད་ཀྱི་ཡོད་ལ་རླབས་ཆེན་མི་དམངས་ལ་སྤོབས་པ་བྱེད་ཀྱི་ཡོད། ང་ཚོས་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་ཀྱི་ཀྲུང་གོ་མི་དམངས་ལ་སྐུ་ལས་ཁག་སོང་ཞེས་འཚམས་འདྲི་ཞུ་རྒྱུ་དང་། ཁོང་ཚོའི་སྤྱིར་བཏང་མིན་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་སྤྱིར་བཏང་མིན་པའི་བྱས་རྗེས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ལོ་གསར་ནི་ལོ་གསར་པ་ཇུས་འགོད་བྱེད་པའི་དུས་ཀྱང་རེད། ད་ལོ་ང་ཚོར་འཕྲད་པའི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཡང་ཆེ་བ་དང་། ཕྲག་ཐོག་གི་ལས་འགན་སྔར་བཞིན་ལྕི་ལ་དཀའ་ཚེགས་ཀྱང་ཆེ། ང་ཚོས་མི་དམངས་ལ་དམ་པོར་བརྟེན་པ་དང་མི་དམངས་ཁྲོད་ནས་བློ་གྲོས་བསྡུ་ལེན་དང་། སྟོབས་ཤུགས་གཅིག་སྡུད་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྔར་བས་ཏན་ཏིག་ངང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། སྔར་བས་སྲ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ལ་སྐུལ་མ་གཏོང་བ། སྔར་བས་གང་ལེགས་ཀྱིས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ། སྔར་བས་ནུས་ལྡན་ངང་གཞུང་དྲང་དང་དྲང་བདེན་སྲུང་སྐྱོང་བྱེད་པ། སྔར་བས་ནུས་ལྡན་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྔར་བས་གཏིང་ཟབ་ངང་ཏང་སྲོལ་དང་སྲིད་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ལ་རྒྱུ་ནོར་སྔར་བས་མང་བ་གཏོད་པ་དང་། མི་དམངས་ལ་བདེ་སྐྱིད་སྔར་བས་མང་བ་བསྐྲུན་པ། མི་རིགས་ལ་གཟི་བརྗིད་སྔར་བས་མང་བ་སྣོན་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་ནི་ཁྱིམ་ཚང་ཀུན་མཉམ་འཛོམས་ཀྱིས་བདེ་སྐྱིད་ལ་རོལ་བའི་དུས་བཟང་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་ད་བར་ཁྱིམ་ཚང་ལ་སྣང་ཆེན་དང་གཉེན་ཉེའི་དབར་གྱི་བརྩེ་དུང་ལ་སྣང་ཆེན་བྱེད་ཀྱི་ཡོད། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གཞི་རྩའི་གྲུབ་ཆ་དང་མི་ཚེའི་སློབ་གྲྭ་དང་པོ་རེད། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་འགྲོ་བ་དང་འཚོ་བའི་རྣམ་པར་འགྱུར་ལྡོག་ཇི་ལྟར་ཕྱིན་ཡང་ང་ཚོས་ཁྱིམ་ཚང་འཛུགས་སྐྱོང་ལ་སྣང་ཆེན་དང་། ཁྱིམ་ཚང་ལ་སྣང་ཆེན། ཁྱིམ་ཚང་སློབ་གསོར་སྣང་ཆེན། ཁྱིམ་སྲོལ་ལ་སྣང་ཆེན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱིམ་ཚང་སྤྱོད་བཟང་དར་སྤེལ་གཏོང་བ་དང་ཁྱིམ་ཚང་འཆམ་མཐུན་དང་། གཉེན་ཉེ་དབར་ཕན་ཚུན་གཅེས་པ། མི་རབས་རྗེས་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ། རྒས་དུས་འཚོ་རྟེན་ཡོད་པ་བཅས་ལ་སྐུལ་འདེད་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།