མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བློ་མཐུན་ཙའུ་པི་ཧྭ་ཡི་སྔོན་ཐོན་བྱས་རྗེས་ཐད་མཆན་བཀོད་མཛུབ་
སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་བློ་མཐུན་ཙའུ་པི་ཧྭ་ཡི་སྔོན་ཐོན་བྱས་རྗེས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་ནང་བློ་མཐུན་ཙའུ་པི་ཧྭ་ནི་དུས་རབས་གསར་པའི་དམངས་ལ་གཞུང་དྲང་གི་ཁྲིམས་དཔོན་བཟང་པོ་ཞིག་དང་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པ་བཟང་པོ་ཞིག་རེད། ཁོང་གིས་བཅའ་ཁྲིམས་དང་ཀུན་སྤྱོད་གོང་དུ་བཀུར་བ་དང་། ཏང་གི་དམིགས་ཡུལ་ལག་བསྟར། གཞུང་དྲང་དྲང་བདེན་སྲུང་སྐྱོང་བཅས་བྱེད་པ་དང་། ལྷག་པར་དུ་ཁྲིམས་འཛིན་སྒྱུར་བཅོས་བྱེད་རིང་གཏུགས་ཕོད་པ་དང“སྒྲོན་མེ”ཞིག་བྱེད་ཕོད་པ་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གུང་ཁྲན་ཏང་མི་ཞིག་གིས་ལྷག་བསམ་རྣམ་དག་བྱ་ལུགས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་སྲིད་ཁྲིམས་ལས་བྱེད་པས་བློ་མཐུན་ཙའུ་པི་ཧྭ་མིག་དཔེར་བྱས་ཏེ་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་བརྟན་སྲུང་། ལྷག་བསམ་རྣམ་དག་ངང་ལས་བཀུར། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། གསར་གཏོད་བྱེད་ཕོད་པ། ལེགས་སྐྱེས་འབུལ་རྒྱུར་སྤྲོ་བ་བཅས་བྱས་ཏེ་དུས་རབས་དང་། མི་དམངས། ལོ་རྒྱུས་བཅས་ལ་ངོ་མི་གནོང་བའི་གྲུབ་འབྲས་ཧུར་ཐག་གཏོད་དགོས་ཞེས་འཁོད་ཡོད་པ་རེད།
         ཙའུ་པི་ཧྭ་འཚོ་བཞུགས་སྐབས་ཧྲང་ཧའེ་གྲོང་ཁྱེར་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཡིན་པ་དང་ཁྲིམས་འཛིན་བྱ་གཞག་ཐོག་ཕྱག་ལས་ལོ་26གནང་ཡོད། 2014ལོའི་ཟླ་12པར་གློ་བུར་དུ་སྙིང་ཁམས་ནད་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་གཞུང་དོན་སྒྲུབ་སྐབས་སྐུ་གཤེགས་པ་རེད། སྐུ་གཤེགས་སྐབས་ལོ་47ཡིན་ཞིང་། ཙའུ་པི་ཧྭ་སྐུ་གཤེགས་རྗེས་ཀྲུང་དབྱང་དྲིལ་བསྒྲགས་པུས་ཁོང་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་གཟི་བརྗིད་མཚན་སྙན་འདས་རྗེས་སྤྲད་པ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁོང་ལ“རྒྱལ་ཡོངས་དཔེ་བཟང་ཁྲིམས་དཔོན”ཞེས་པའི་གཟི་བརྗིད་མཚན་སྙན་འདས་རྗེས་སྤྲད་པ་རེད། ཁོང་གི་སྔོན་ཐོན་བྱས་རྗེས་སྨྱན་སྦྱོར་ཐོག་རྒྱ་ཁྱབ་ངང་གཏོང་སྤེལ་བྱས་པས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད་པ་རེད།
         ཚེས་2ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཙའུ་པི་ཧྭ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། སྙན་ཞུའི་ཚོགས་འདུ་མ་འཚོགས་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཙའུ་པི་ཧྭ་ཡི་ནང་མིར་བྱམས་བརྩེའི་ངང་སེམས་གསོ་འཚམས་འདྲི་གནང་བ་མ་ཟད། ཀྲུང་དབྱང་རྩ་འཛུགས་པུས་བློ་མཐུན་ཙའུ་པི་ཧྭ་ལ་འདས་རྗེས་སྤྲད་པའི“རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་ལག་ཁྱེར་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་མཇལ་འཛོམས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་ནང་བློ་མཐུན་ཙའུ་པི་ཧྭ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཙའུ་པི་ཧྭ་ལ་སློབ་སྦྱོང་བྱེད་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཏང་ཡོན་ལས་བྱེད་པ་ཚང་མས་ཙའུ་པི་ཧྭ་ལྟར“སྒྲོན་མེ”ཞིག་བྱེད་ཕོད་པ་བྱེད་དགོས། “སྒྲོན་མེ”ཇི་ཙམ་མང་ན་ང་ཚོའི་བྱ་གཞག་དེ་ཙམ་གྱིས་དར་རྒྱས་གོང་འཕེལ་འགྲོ་ཐུབ་པ་དང་། ང་ཚོའི་སྤྱི་ཚོགས་དེ་ཙམ་གྱིས་དཔྱིད་དཔལ་ཇི་བཞིན་དྲོ་སྐྱིད་ལྡན་པ། ང་ཚོའི་རྒྱལ་ཁབ་ལ་དེ་ཙམ་གྱིས་འོད་ཟེར་གྱིས་ཁེངས་པ་བཅས་ཡོང་ཐུབ། “སྒྲོན་མེ”ཞིག་བྱེད་པར་ཕུགས་བསམ་གྱི་འོད་ཟེར་འཕྲོ་བ་དང་དད་སེམས་ཀྱི་སྟོབས་ཤུགས་མངོན་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་དང་གུང་ཁྲན་ཏང་མིའི་བསམ་པའི་བརྩོན་ལེན་བརྟན་སྲུང་བྱེད་པ་དང་། ལེགས་སྐྱེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྤྱི་ཚོགས་ཡོངས་སུ་དྲོ་སྐྱིད་ཁྱབ་པ་བྱས་ཏེ་མི་སེར་གྱིས་སྤྲོ་སྣང་བྱེད་སར་སྤྲོ་སྣང་དང་མི་སེར་གྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་གཉེན་ཉེར་ལྟ་སྟངས་འཛིན་པ་ལྟར་མི་སེར་ལ་ལྟ་སྟངས་འཛིན་པ། འགན་འཁྲི་འཁུར་ཕོད་པ་དང་སྲིད་བརྩོན་ལས་གཅེས་བྱས་ཏེ་གནད་དོན་གྱི་འདུ་ཤེས་འཛུགས་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་དང་འགལ་ཟླར་ཐད་ཀར་གཏུགས་ཕོད་པ་དང་ཐག་གཅོད་བྱེད་པ་བཅས་བྱས་ཏེ་ཕྲག་ཐོག་ཏུ་ཁུར་དགོས་པའི་འགན་འཁྲི་འཁུར་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
        ལིའུ་ཡུན་ཧྲན་གྱིས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱ་ཆེའི་ལས་བྱེད་པས་སྔོན་ལ་མིག་དཔེ་འདོན་པ་དང་མང་ཚོགས་ཀྱི་མདུན་དུ་བསྐྱོད་དེ་ཙའུ་པི་ཧྭ་ཡི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཙའུ་པི་ཧྭ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་རྒྱ་ཆེའི་ལས་བྱེད་པར་སྔོན་ཐོན་དཔེ་མཚོན་མེ་ལོང་དུ་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་། ཞིབ་བསྡུར་ཞིབ་ཚགས། ལག་བསྟར་ཏན་ཏིག་བཅས་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་ཚན་པས་བློ་མཐུན་ཙའུ་པི་ཧྭ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་སྔར་བས་སྔོག་འདོན་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་དུས་རབས་ཀྱི་མིག་དཔེའི་ལོ་རྒྱུས་འབྲི་བ་དང་མིག་དཔེ་ལ་བསྔགས་བརྗོད་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་དེ་བས་ལེགས་པའི་ངང་གོང་བུ་འགྲིལ་བ་བྱེད་དགོས་ཞེས་གསུངས་པ་རེད།