མི་དམངས་དྲ་བ།

༄༅།།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུར་བརྟེན་ནས་ཀྲུང་གོའི་ཕུགས་འདུན་མངོན་
འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཕུགས་འདུན་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་འགྱུར་ཁུག་སྙན་པོ་ཞིག་ཡིན་ལ་མི་རྣམས་མདུན་སྐྱོད་ཐུབ་རྒྱུར་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་ཡིན། དེས་ན་མི་དམངས་ཀྱི་ཕུགས་འདུན་གང་ཡིན་ནམ།
         “དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་གནས་ཆ་རྐྱེན། དེ་བས་མཛེས་པའི་ཁོར་ཡུག”མཁོ་འདོན་བྱེད་པ་དང་། “ཕྲུ་གུ་རྣམས་འཚར་ལོངས་དེ་བས་ལེགས་པ་དང་། ལས་ཀ་དེ་བས་ལེགས་པ། འཚོ་བ་དེ་བས་སྐྱིད་པ་བཅས་ཡོང་བ་བྱེད་དགོས”ཞེས་2012ལོའི་ཟླ་11ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་མ་ཐག་པའི་ཞིས་ཅིན་ཕིང་གིས་བབ་ཆགས་པའི་བཀའ་མོལ་གྱི་ཐོག་ནས་མི་དམངས་ཀྱི་ཕུགས་འདུན་གསུངས་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། ཕུགས་འདུན་དེ་ནི་མི་དམངས་ཀྱིས་མི་རིགས་བསྐྱར་དར་ལ་རེ་བ་ཆེན་པོ་འཆང་བ་ཞིག་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་བསམ་ཚུལ་ཞིག ཏང་གི་སྐབས་བཅོ་བརྒྱད་པའི་ཐོག་གཏན་འཁེལ་གནང་བའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འཆར་འགོད་གསོན་ཉམས་ལྡན་པའི་ངང་མངོན་པ་ཞིག་བཅས་ཡིན། “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་བ་ཆེན་པོ་བྱེད་པ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་ཡུལ་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཞལ་བཞེས་གཟབ་ནན་གནང་ཡོད་པ་དང་། དེ་ཐོག་ནས་རང་རེའི་ཏང་གི་སྲིད་འཛིན་དམིགས་ཡུལ་གྱི་འདུ་ཤེས་དང་འབད་འཐབ་ཀྱི་སེམས་ཤུགས་གང་ལེགས་མངོན་ཡོད།
         “ཀྲུང་གོ་དེ་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད། དམིགས་ཡུལ་དེ་འགྲུབ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་གོམ་སྟབས་ཤིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐེངས་དང་པོར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་རྒྱུ་དེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་འཆར་འགོད་ཆེན་པོའི་ནང་བཅུག་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་རྒྱུ་དེ་མི་རིགས་བསྐྱར་དར་གྱི་གལ་ཆེའི་ལམ་ཚད་རྡོ་རིང་དུ་རིམ་སྤོར་གནང་ཡོད། ད་ཆའི་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་རྒྱུ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྐུལ་འདེད་གཏོང་བའི་བདེ་སྐྱིད་ལྡན་པའི་འཆར་གཞི་ཞིག་ཏུ་གྱུར་པ་དང་། སྤྱི་ཚོགས་ཡོངས་ཀྱི་མཐུན་ཆ་ཆེ་ཤོས་ཤིག་ཏུ་གྱུར་པ། ཀྲུང་གོའི་ཕུགས་འདུན་གྱི་མཉམ་སྒྲོག་རོལ་དབྱངས་ཁྲོད་དེ་བས་མཛེས་སྡུག་ལྡན་པའི་འགྱུར་ཁུག་བསྣན་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་པའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་གྱུར་ཡོད།
         ཡིན་ནའང་ཇི་ལྟར་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་དགོས་སམ། དཀའ་གནད་ཇི་ལྟར་སེལ་དགོས་སམ། དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་རྒྱུ་དང་འབྲེལ་བ་ཡོད་ལ་ཀྲུང་གོའི་ཕུགས་འདུན་གྱི་རྨང་གཞི་དང་འབྲེལ་བ་དེ་བས་ཡོད་པ་དང་། དེང་རབས་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལན་འདེབས་དགོས་ངེས་ཀྱི་གལ་ཆེའི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན། ལོ་གཉིས་ལྷག་ཙམ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཀན་སུའུ་དང་། ཧུའུ་པེ། ཧུའུ་ནན། ནང་སོག ཤིན་ཅང་། ཕུའུ་ཅན། ཅང་སུའུ། ཡུན་ནན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་20ལྷག་ཙམ་དུ་ཕེབས་ནས་མི་དམངས་དུང་ཕྱུར་མང་པོའི་འབྱོར་འབྲིང་འཚོ་བར་ཐུགས་ཁུར་ཚད་མེད་གནང་བ་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཇུས་ཆེན་དོན་གཉེར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་དགོངས་པ་གསར་པ་དང་། ཆོད་སྡོམ་གསར་པ། བླང་བྱ་གསར་པ་བཅས་ཀྱིས་དེང་རབས་ཀྲུང་གོའི་དོན་དངོས་གནད་ལ་འཁེལ་བའི་ངང་སྟངས་འཛིན་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་སྐྲུན་ཐུབ་པ་བྱེད་པའི་དཀའ་གནད་ལ་དོ་ཁུར། ཚན་རིག་དང་མཐུན་པའི་ངང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་རྒྱུར་འཕྲད་པའི་གལ་ཆེའི་གནད་དོན་མང་དག་ལ་ལན་འདེབས་བཅས་གནང་ཡོད།
         འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་ལྟེ་བ་དེ་སྒོ་ཀུན་ལ་ཐུག་ཡོད། “སྒོ་ཀུན་ནས”དེ་མི་ཚོགས་ཁྱོན་ཡོངས་ལ་ཁྱབ་པ་ཞིག་ཡིན། དེ་ནི་ས་ཁོངས་མི་དབྱེ་བའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ་ཞིག་དང་མི་གཅིག་ཀྱང་མི་ལུས་པ་བྱེད་པའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་ཞིག་ཡིན། ཧོ་པེའི་ཕུའུ་ཕིང་དུ“དབུལ་ཕོངས་ཀྱི་གནས་ཚུལ་དངོས”མཁྱེན་རྟོགས་གནང་བ་དང་། ཏུའུ་ལུང་རིགས་ཀྱི་ཡུལ་མི་རྣམས་ལ་འཕྲིན་ལན་བསྐུར་ཏེ“དབུལ་སྒྲོལ་ཕྱུག་འགྱུར་གང་མགྱོགས་ཡོང་རྒྱུའི”ཐུགས་རེ་གནང་བ། ཡན་ཨན་དུ“གསར་བརྗེའི་རྟེན་གཞི་རྙིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི”བཞུགས་མོལ་གནང་བ་སོགས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་མ་ཐག་པ་ནས་ལུག་ལོའི་དཔྱིད་གསར་དུས་ཆེན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྕི་ཤོས་དེ་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་དང“འབྱོར་འབྲིང་ཡོང་མིན་དེ་ཡུལ་མི་ཡོངས་ཕྱུག་འགྱུར་ཐུབ་མིན་ལ་བལྟ་དགོས”པའི་ནན་བཤད་ཐེངས་མང་གནང་ཡོད། “མི་རིགས་གཅིག་ཀྱང་མི་ལུས་པ”དང་། “གྲོང་གསེབ་རྗེས་སུ་མི་ལུས་པ་བྱེད་པ”“སུའུ་ཝེ་ཨེད་ས་ཁུལ་གྱི་གསར་བརྗེའི་རྟེན་གཞི་རྙིང་པ་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་པ་སོགས་ཆོད་སྡོམ་རབ་དང་རིམ་པ་གནང་བ་ལས་མི་དམངས་དུང་ཕྱུར་13ཚང་མ་སྒོ་ཀུན་ནས་འབྱོར་འབྲིང་ཕྱོགས་སུ་འཁྲིད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་པ་རེད།
        “སྒོ་ཀུན་ནས”ཞེས་པ་དེའང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སྒོ་ཀུན་ཡིན་པ་མངོན་ཡོད། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་ནི“ལས་བྱེད་པ་གཞུང་དྲང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་ཁ་གསལ”བཅས་དང“སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་བའི་མཐུན་ཆ་ཆེ་ཤོས་འཚོལ་བའི”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ཞིག་དང་། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་གཉིས་མེད་པ་བཟོས་ཏེ་ཞིང་པའི་བདེ་སྐྱིད་འཚོ་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ཞིག “རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་གཉིས་ཀ་ཆེ་རུ་གཏོང་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ལེགས་སུ་གཏོང་བའི”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ཞིག “མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་གཞུང་དྲང་དང་དྲང་གཞག་ཚོར་ཐུབ་པའི”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ཞིག “སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་མཐོང་ཐུབ་པ་དང་སྔར་གྱི་རྣམ་པ་རྒྱུན་གནས་ཐུབ་པའི”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ཞིག “སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་པ”དང“ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱེད་པའི”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ཞིག་ཡིན་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཡོད། དམངས་གཙོའི་དབང་ཆ་འགན་ལེན་ཇི་ལྟར་བྱེད་དགོས་པ་དང་། དབུལ་སྒྲོལ་ཕྱུག་འགྱུར་ཇི་ལྟར་བྱེད་དགོས་པ། ཞིང་གསུམ་གྱི་དཀའ་གནད་ཇི་ལྟར་སེལ་དགོས་པ། རིག་གནས་ཀྱི་འགྲན་སློང་ལ་ཁ་གཏད་ཇི་ལྟར་གཅོག་དགོས་པ། སྣོད་བཅུད་ཀྱི་འཇུར་མིག་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་པ་སོགས་ཀྱི་གནད་དོན་དེ་དག་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནི་འཕེལ་རྒྱས་ཀྱི་སྐྱོན་ཆ་གསབ་པའི་བརྒྱུད་རིམ་ཞིག་དང་འབྱོར་འབྲིང་གི་ཆུ་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན།
         འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ་ནི་མཐར་གཏུགས་ནས་བརྗོད་ན་འཕེལ་རྒྱས་ཀྱི་གནད་དོན་ཡིན། འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་དང་དཔལ་འབྱོར་རྒྱུན་རྣམ་གསར་པར་སླེབས་པའི་དེང་གི་དུས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་ནང་འཕེལ་རྒྱས་ཁྲོད་གནས་པའི་མངོན་གསལ་དོད་པའི་འགལ་བར་དམ་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་དང་མིའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་དམིགས་དགོས་པ་བཏོན་ཡོད། འཕེལ་རྒྱས་གཏོང་རྒྱུ་ནི་དེང་གི་འཛམ་གླིང་གི་འཕེལ་ཕྱོགས་ཡིན་པ་དང་འཕེལ་རྒྱས་ནི་དེང་གི་ཀྲུང་གོའི་བརྗོད་བྱ་གཙོ་བོ་ཡིན། “བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་མཉམ་དུ་འཕེལ་རྒྱས”གཏོང་རྒྱུ་ཡིན་ནའང་འདྲ་ཡང་ན“གོང་འཕེལ་གཏོང་རྒྱུ་ནི་དོན་དམ་པ་ཡིན་པའི་འཐབ་ཇུས་བསམ་བློ་མཐའ་འཁྱོངས”བྱེད་རྒྱུ་གང་ཡིན་རུང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་དང་ལྡོག་མེད་ཀྱི་བླང་བྱ་མངོན་ཡོདཔ་རེད།
         འབྱོར་འབྲིང་ཞེས་པའི་ཀྲུང་གོ་བའི་ལོ་ངོ་སྟོང་ཕྲག་ནང་གི་ཕུགས་འདུན་དེར་ད་ཆ་ཀྲུང་གོ་གུང་ཁྲན་ཏང་མིས་དེ་བས་ཟབ་པའི་ནང་དོན་བསྣན་ཡོད། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་རྒྱུ་དེ་སྣེ་ཁྲིད་གནས་བབ་ཏུ་གནས་པའི་འཐབ་ཇུས་དམིགས་ཚད་ཅིག་ཡིན། ཡིན་ནའང་མི་འབོར་ཡོ་རོབ་མནའ་འབྲེལ་དང་། ཨ་རི། རི་པིན་བཅས་གསུམ་བསྣན་པ་ལས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་རྒྱུ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་རླབས་ཆེའི་བྱ་སྤྱོད་ཅིག་ཡིན་པས་འཕྲལ་དུ་འགྲུབ་ཐབས་མེད། དེས་ན་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་བཏང་སྟེ་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་ཚེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་སྒུལ་ཤུགས་ལྡན་པ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་ནས་སྒྲིག་སྲོལ་དང་སྒྲིག་ལམ་བཟོ་བ་དང་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་བཏང་ཚེ་གཞི་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་འགན་ལེན་ཡོད་པ། སྒོ་ཀུན་ནས་ཏང་ནན་པོ་བསྐྱངས་ནས་འགོ་ཁྲིད་གཙོ་བོར་སྦྱོང་བརྡར་དང་ཆབ་སྲིད་ཀྱི་འདེགས་སྐྱོར་བྱས་ཚེ་གཞི་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་འགན་ལེན་ཡོད། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུར་བརྟེན་ནས་མི་རིགས་བསྐྱར་དར་བརྒྱུད་རིམ་ཁྲོད་ཀྱི་གཏིང་ཟབ་པའི་འགལ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་ཏེ་དེང་རབས་ཅན་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པ། སྒོ་ཀུན་ནས་ཏང་ནན་པོ་བསྐྱངས་ཏེ་ཏང་གི་སྲིད་འཛིན་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཚེ་གཞི་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པའི་བརྗིད་ཆེའི་འཆར་གཞི་འགོད་ཐུབ།
         རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་མིག་མདུན་དུ་མངོན་བཞིན་ཡོད། དཀའ་ཚེགས་གྲངས་མེད་དང་འོད་སྟོང་འཕྲོ་བའི་ལོ་ཟླའི་ནང་གི་འབྱོར་འབྲིང་གི་ཕུགས་འདུན་དེ་མངོན་འགྱུར་ཐུབ་ཉེར་ཡོད། ལོ་རྒྱུས་ཀྱི་རྒྱུན་མཐུད་དབྱུག་པ་ང་ཚོའི་ལག་ཏུ་སྤྲད་ཟིན་པས་སྔར་བྱུང་མ་མྱོང་བའི་རླབས་ཆེའི་བྱ་གཞག་དེ་ང་ཚོ་རང་ཉིད་ཀྱིས་ལེགས་སྒྲུབ་བྱེད་དགོས། “དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་གསར་གཏོད་བྱེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་སྟོང་གཏམ་གྱིས་རྒྱལ་དོན་འཕྱུགས། དོན་དམ་གྱིས་རྒྱལ་ཁབ་དར་བའི་དྲན་སྐུལ་གཏོང་རྒྱུ་མུ་མཐུད་མཐའ་འཁྱོངས”བྱས་ཚེ་ང་ཚོས“མི་དམངས་ཀྱི་རེ་སྒུག་དེ་ང་ཚོའི་བྱ་སྤྱོད་ལ་འགྱུར་ཐུབ་པ་དང་མི་དམངས་ཀྱི་རེ་བ་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན”
        མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།