མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་གྱི་ཕྱི་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འབྱུང་འགྱུར་ཉིན་བཅུ་ཡི་ནང་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་ཙམ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་ཐབས་དང་ཇུས་བཏོན་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་གོང་བུ་འགྲིལ་བ་བྱ་རྒྱུ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ལིན་ཝུན་དབྱི། ལུའོ་ཕུའུ་ཧོ། ཧོ་ཧོའུ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཕུང་། ཁྲེན་ཡོན། ལུའུ་ཀྲན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཝང་ཀྲེང་ཝུའེ། མ་པེའོ། ཆི་ཤུས་ཁྲུན། ཁྲེན་ཞའོ་ཀོང་། མ་ཕེ་ཧྭ། ལིའུ་ཞའོ་ཕུང་། ཝང་ཆིན་མིན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
         ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་དང་། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཕེབས་དགོས་ངེས་ཀྱི་ཨུ་ཡོན་2227ཡིན་པ་དང་ཨུ་ཡོན་2153དངོས་སུ་ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཕྱི་དྲོའི་ཆུ་ཚོད་གསུམ་པར་ཏུའུ་ཆིང་ལིན་གྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་མ་ཐག་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས། ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཕྱོགས་བརྒྱད་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་2014ལོ་ནི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་དེ་ཡིན་ལ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ཀྱི་གལ་ཆེའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་སྲིད་གྲོས་ནང་ཞུགས་མཁན་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བཅས་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་དམིགས་ནས་འགན་ནུས་སྒྲུབ་པ་དང་། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལེགས་ཆ་འདོན་རྒྱུར་སྐུལ་འདེད་གཏོང་བ། འགན་ནུས་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་པས་ལས་དོན་ཁག་འཕེལ་རྒྱས་གསར་པ་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་2015ལོ་ནི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་སྒོ་ཀུན་ནས་ལེགས་གྲུབ་ཀྱི་མཇུག་སྒྲིལ་ལོ་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་འགན་ནུས་བསྒྲུབས་ཏེ་གྲོས་མོལ་དམངས་གཙོར་ཤུགས་སྣོན་རྒྱག་གཞི་གསར་པ་ཡོད་པ་དང་། དམངས་གཙོའི་ལྟ་སྐུལ་ལ་བྱ་ཐབས་གསར་པ་ཡོད་པ། ལམ་ལུགས་འཛུགས་སྐྱོང་ལ་འཕེལ་རིམ་གསར་པ་ཡོད་པ། མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུར་ལེགས་སྐྱེས་གསར་པ་ཡོད་པ། འགན་ནུས་སྒྲུབ་ནུས་ལ་ཚད་གཞི་གསར་པ་ཡོད་པ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྔར་བས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས་པ་དེ་རེད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་<<སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་>>ནང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ངོས་ནས་བརྗོད་ན་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། འགན་ནུས་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱས་ནས་གྲོས་མོལ་དམངས་གཙོའི་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཤུས་ཁྲུན་གྱིས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སྒྲོན་གནང་ཞིང་། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་དང་ཁྲིམས་ལྟར་རྒྱལ་སྐྱོང་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་གྲོས་གཞིར་བརྟེན་ཏེ་འགན་ནུས་ཧུར་ཐག་བསྒྲུབས་ཡོད། ལོ་གཅིག་རིང་ཁྱོན་གྲོས་གཞི་6101ཕུལ་བའི་ནང་ཚོགས་ཆེན་གྱི་གྲོས་གཞི་5875དང་དུས་རྒྱུན་གྱི་གྲོས་གཞི་226ཡོད་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད་གྲོས་གཞི་5052གྲོས་གཞིའི་ཁོངས་སུ་བཅུག་ཅིང་། དེའི་ནང་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་4663དང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་སོགས་ཀྱིས་བཏོན་པའི་མཉམ་སྡེབ་གྲོས་གཞི་389ཡོད་པ་རེད། སྤྱི་ཡོངས་ནས་བལྟས་ཚེ། གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། གཙོ་གནད་མངོན་གསལ་དོད་པ། གནད་དོན་གྱི་ཁྲིད་སྟོན་ཁ་གསལ་བ། དམིགས་སའི་རང་བཞིན་ཆེ་བ་བཅས་ཡོད་པས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་གི་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཚོན་ཡོད། 2015ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་5046ལ་སྒྲུབ་ལན་སློག་པ་དང་སྒྲུབ་ལན་སློག་ཚད་99.8%ཟིན་ཡོད་པ་རེད།