མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་07ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

     མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་5ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཁོང་བཞུགས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཧྲང་ཧའེ་ཡིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ལྷོད་མེད་བྱས་ནས་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་དང་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་མུ་མཐུད་ཡག་པོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་ཁྱོན་ཡོངས་ཆེད་སྔར་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          ཧྲང་ཧའེ་འཐུས་མི་ཚོགས་པས་གྲོས་བསྡུར་འཁྲུག་པོ་དང་འཚང་ཁ་ཤིག་ཤིག་གིས་གཏམ་བཤད་བྱས་ཤིང་། དབྱང་ཞུང་དང་། ཀྲང་ཀྲའོ་ཨན། དབྱིན་ཡུང་། ཁྲེན་ཤུས། ཅ་ཝུའེ་ཕིང་། ཝང་ཀྲན། ལིའུ་ཝུའེ་གོ ཀྲུའུ་ཞུས་ཆིང་བཅས་འཐུས་མི་བརྒྱད་སོ་སོས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། ཧྲང་ཧའེ་ཡི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་མ་གཏོང་བ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། འཆམ་ཞིང་མཐུན་པའི་སྨན་པ་དང་ནད་པའི་དབར་གྱི་འབྲེལ་བ་འཛུགས་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ། ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་སོགས་ཀྱི་གནད་དོན་སྐོར་བསམ་འཆར་བཏོན་པ་རེད། ཞིས་ཅིན་ཕིང་གིས་གསན་བཞིན་དུ་ཟིན་འགོད་དང་བཀའ་འདྲི་གནང་བ་དང་། འཐུས་མི་ཚོ་དང་གྲོས་བསྡུར་གཏིང་ཟབ་གནང་བ་རེད།
         འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ལུགས་བ་དང་། ལོ་གཅིག་རིང་ཧྲང་ཧའེ་ཡིས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་ལམ་སྲོལ་གསར་པ་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བ། ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་ཐད་བློ་ཐག་ཆོད་པོས་འཚོལ་ཞིབ་བྱེད་པར་ཐོབ་པའི་གྲུབ་འབྲས་གསར་པ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཧྲང་ཧའེ་ཡི་བློ་མཐུན་ཚོར་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ལྷོད་མེད་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རང་མོས་ཚོང་དོན་ཁུལ་གྱི་འཐབ་ཇུས་གང་མགྱོགས་ལག་ལེན་བསྟར་རྒྱུ་དེ་རང་རྒྱལ་གྱིས་རེས་སྐོར་གསར་པར་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ནང་དོན་གལ་ཆེན་ཞིག་རེད། བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་བློ་ཁོག་ཆེན་པོས་ལག་བསྟར་བྱེད་དགོས་པ་དང་སྒྱུར་བཅོས་གལ་ཆེན་ཡིན་ཚེ་ཆུ་ལ་དཔགས་ནས་རགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ཁྲབ་གྱོན་མཚོན་ཐོགས་ཀྱིས་དཀའ་སེལ་འགག་སྒྲོལ་བྱེད་པ་དང་སྤྱིའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་གོ་རིམ་ལྡན་པའི་ངང་གསར་གཏོད་བྱེད་དགོས། སྲིད་གཞུང་གི་འགན་ནུས་གང་མགྱོགས་འགྱུར་ལྡོག་གཏོང་བ་དང་། ཚོད་ལྟ་ཁུལ་གྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་ཚོང་དོན་དང་མ་འཇོག་གི་སྒྲིག་གཞིར་གཞི་ཚུགས་པ་བཅས་བྱས་ནས་ལམ་ལུགས་གསར་གཏོད་བྱ་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས། དངུལ་རྩ་སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
        ཞིས་ཅིན་ཕིང་གིས་གསུངས་དོན། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་དེ་རེད། གསར་གཏོད་ལ་དམ་འཛིན་བྱས་ཚེ་འཕེལ་རྒྱས་ལ་དམ་འཛིན་བྱས་པ་དང་གསར་གཏོད་དོན་གཉེར་བྱས་ཚེ་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྒྱུན་རྣམ་གསར་པ་དང་མཐུན་པ་དང་སྣེ་ཁྲིད་བྱེད་པར་འགག་རྩ་ནི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཞན་འགྱུར་བྱེད་དགོས། ངེས་པར་དུ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། ཐོན་ལས་སྒྲོག་ཐག་ལ་དམིགས་ནས་གསར་གཏོད་སྒྲོག་ཐག་བཀོད་སྒྲིག་བྱེད་པ། ཚན་རྩལ་གསར་གཏོད་ཁྲོད་ཀྱི“ཁེར་ཆགས་གླིང་ཕྲན་གྱི་གནས་ཚུལ”མེད་པ་བཟོ་བ་བཅས་བྱས་ནས་གསར་གཏོད་ཀྱི་གྲུབ་འབྲས་དེ་གང་མགྱོགས་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་བ་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་གཞི་རྩ་ནི་རང་བདག་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རག་ལས་ཡོད། ཤེས་ལྡན་མི་སྣ་ནི་གསར་གཏོད་ཀྱི་རྨང་གཞི་ཡིན་པ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ངོ་བོ་ནི་ཤེས་ལྡན་མི་སྣར་སྐུལ་འདེད་གཏོང་བ་ཡིན་པར་བརྟེན་སུ་འདྲ་ཞིག་ལ་གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲས་ཡོད་ཚེ་དེ་གར་ཚན་རྩལ་གསར་གཏོད་ཀྱི་ལེགས་ཆ་དང་གཙོ་ཁྲིད་དབང་ཆ་ལྡན་ཡོད། གནམ་འོག་གི་འཇོན་ཐང་ཅན་བེད་སྤྱོད་ལེགས་པར་གཏོང་བར་སྔར་བས་དགེ་མཚན་ལྡན་པའི་གསར་གཏོད་རྣམ་པའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ནས་ལས་རིགས་ཚན་རྩལ་གྱི་མདུན་གྲས་སུ་ལངས་པ་དང་རྒྱལ་སྤྱིའི་མཐོང་རྒྱ་དང་ནུས་པ་ཡོད་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ་ཁག་གཅིག་གཅིག་སྡུད་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པར་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་རྩ་བའི་ཚད་གཞིར་འཛིན་པ་དང་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནས་འགོ་ཚུགས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་འཛུགས་སྐྱོང་ལ་ཁྱབ་པའི་དམར་ཐིག་ཅིག་ཏུ་བརྩིས་ཏེ་ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་རྒྱ་ཆེར་ཧུར་ཐག་གཏོང་བ་དང་བྱང་ཚད་ལེགས་པའི་ཆེད་ལས་ཅན་གྱི་སྡེ་ཁུལ་ལས་དོན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། དོ་དམ་གྱི་གཙོ་གནད་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་ཞབས་ཞུ་དང་དོ་དམ་གྱི་སྟབས་ཤུགས་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་བཏང་སྟེ་དོ་དམ་ནས་བཅོས་སྐྱོང་གི་ཕྱོགས་སུ་འགྱུར་ལྡོག་འགྲོ་བ་བྱེད་པ་དང་། གཞི་རིམ་གྱི་གསོན་ཤུགས་འཕེལ་བ་བྱེད་པ། སྡེ་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་ཡིན་ལ་གོ་རིམ་ཡང་ལྡན་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
         ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གླེང་སྐབས་ཞིས་ཅིན་ཕིང་གིས་སྒོ་ཀུན་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རང་རེའི་ཏང་གིས་དུས་བབ་གསར་པའི་འོག་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་པའི་གཞི་རྩའི་འགན་ལེན་ཞིག་རེད། འགག་རྩ་ནི“འགག་རྩ་དང་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱེད་པ་དང་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཀྱི་ཐོག་ནས་ཏང་བཅོས་སྐྱོང་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་ཀྱི་རླུང་ཙི་དམ་དུ་གཏོང་བ་དང་ལམ་ལུགས་དེ་བས་མང་བའི་ཐོག་ནས་ཏང་བཅོས་སྐྱོང་དང་། དབང་ཆར་དོ་དམ། དཔོན་རིགས་བཅོས་སྐྱོང་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཨུད་ཀྱིས་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱི་བཟའ་ཟླ་དང་བུ་ཕྲུག་ཚོང་ལས་ནང་ཞུགས་ཏེ་ཁེ་ལས་བཙུགས་པའི་གནད་དོན་སྐོར་སྔར་བས་ཚད་ལྡན་གྱི་བསམ་འཆར་བཏོན་པར་ཁས་ལེན་གནང་བ་དང་ཧྲང་ཧའེ་ཡིས་ཚོད་ལྟ་བྱེད་རིང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་གི་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་བརྟན་པོའི་ངང་ལག་ལེན་བསྟར་བ་དང་ལག་ལེན་ཁྲོད་གནད་དོན་ཤེས་རྟོགས་ཐུབ་པ་བྱེད་པ་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་བསྐྱར་བཟོ་ཐུབ་པ་དང་ཁྱབ་སྤེལ་ཐུབ་པའི་གྲུབ་འབྲས་ཤིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧན་ཀྲེན་སོགས་གྲོས་ཞིབ་ནང་ཞུགས་པ་རེད།