མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་
ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་10ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་
ནང་ཞུགས་པ།

     མི་དམངས་དྲ་བའི་འཕྲིན། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སྐབས་ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱ་ཆེའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་ལྷག་བསམ་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་ཞུས་པ།
     ཟླ་3 ཚེས་8ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཁག་སོ་སོར་ཞུགས་པ་རེད།
     འདི་ནི་ཞིས་ཅིན་ཕིང་བུད་མེད་འཐུས་མིའི་ཁྲོད་དུ་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱ་ཆེའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་ལྷག་བསམ་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་གནང་བཞིན་ཡོད་པ།
     “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སྐབས་ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱ་ཆེའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་ལྷག་བསམ་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།
     ཞིས་ཅིན་ཕིང་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་འཐུས་མི་ཕེང་ཆིང་ཧྭ་དང་། ཁྲེན་ཝུའུ། ཧོང་ཝུའེ་ཅིང་། ལུའོ་ཁྲའོ་དབྱང་། ཤའོ་དབྱིང་ཙེ། ཧོ་ཤིན་ཤིང་། ལིན་ཝུའུ་མིང་། ཧོང་ཁེ། ཀྲང་ཆན་ལི་སོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། གནད་འཁེལ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ། “ཁུལ་གཅིག་དང་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པ། ནུབ་རྒྱུད་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྔ་རྗེས་སུ་བསམ་འཆར་གླེང་ཞིང་། ཞིས་ཅིན་ཕིང་གིས་ནན་ཏན་ངང་གསན་གྱིན་ཟིན་ཐོ་འགོད་གནང་བ་དང་། འབྲེལ་ཡོད་གནས་ཚུལ་སྐོར་བཀའ་འདྲི་ཡང་ཡང་གནང་བ་མ་ཟད། ཚང་མ་དང་ལྷན་དུ་གྲོས་བསྡུར་གནང་རྗེས་གསུང་བཤད་གལ་ཆེན་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀོང་ཤིས་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས་རྒྱལ་ཁབ་ཀྱིས“ཁུལ་གཅིག་དང་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཆགས་སྟངས་གལ་ཆེན་ནང་གི་ཀོང་ཤིས་ཀྱི་གནས་བབ་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་ཤར་ཡོད། རྒྱལ་ནང་དང་རྒྱལ་སྤྱིར་ཕྱོགས་པའི་སྒོ་དབྱེ་མཉམ་ལས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་ཆགས་པ་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་འཇོག་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ཡག་པོ་སྒྲུབ་པ། དེ་བས་དགེ་མཚན་ལྡན་ལ་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ། དེ་བས་གསོན་ཤུགས་ལྡན་པའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་གཏོད་པ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་སྒོ་དབྱེ་མཉམ་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཚོ་རྒྱུད་དང་། གཙང་པོའི་རྒྱུད། མཐའ་མཚམས་རྒྱུད་བཅས་ཕྱོགས་ཀུན་ལ་ཁྱབ་པའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་གཏོད་དགོས། དབུལ་སྐྱོར་འགག་སྒྲོལ་ལ་དམ་འཛིན་ནན་པོ་དང་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བྱས་ཏེ་གནད་ལ་འཁེལ་བའི་དབུལ་སྐྱོར་དང་། ལས་ཡུན་ལྡོག་སྒྲིག རྩིས་གསལ་པོ་རྒྱག་པ་བཅས་མཐའ་འཁྱོངས་བྱས་ཏེ་གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་རྗེས་ལུས་གཏན་ནས་ཐེབས་སུ་འཇུག་མི་རུང་། དབུལ་པོའི་ས་ཁུལ་གྱི་མང་ཚོགས་ཀྱི་གཟུགས་པོའི་བྱང་ཚད་དང་། རིག་གནས་ཀྱི་བྱང་ཚད། ལས་ཞུགས་འཇོན་ཐང་བཅས་མཐོ་རུ་གཏོང་རོགས་བྱས་ཏེ་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་རྒྱུ་བཀག་འགོག་ཧུར་ཐག་བྱེད་པ་དང་། ཕྲུ་གུ་ཚོ་སློབ་སྦྱོང་བྱས་ཏེ་འཚར་ལོངས་ཡོང་བ་དང་གཞོན་དར་ཚོས་ཐབས་ལམ་མང་པོའི་ལས་ཞུགས་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ཏན་ཏིག་གི་བགྲོད་ལམ་བཤངས་ཏེ་དབུལ་པོའི་སྣང་ཚུལ་མི་རབས་རྗེས་མར་མི་ཐོན་པ་མཐའ་གཅིག་ཏུ་བྱེད་དགོས། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བཏོད་དེ་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ནང་བཅུག་ནས་མཐའ་མཚམས་ཀྱི་སྒྲིག་ལམ་ཁྲིམས་ལྟར་དོ་དམ་ཚོད་འཛིན་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་མི་རེ་ངོ་རེ་དང་ལས་དོན་མི་སྣ་ཚང་མས་ཁྲིམས་སྐྱོང་གི་ལྟ་བ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་ཡོད་ཕྱིན་ངེས་པར་དུ་སྲུང་བརྩི་ཞུ་རྒྱུ་མཐའ་འཁྱོངས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོའི་ངང་ལས་དོན་སྤེལ་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ནང་མི་དམངས་མང་ཚོགས་ཚང་མས་འདྲ་མཉམ་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། ཁྲིམས་ཡོད་ཀྱང་སྲུང་བརྩི་མི་ཞུ་བ་དང་། ཁྲིམས་ལག་བསྟར་བྱེད་སྐབས་ནན་པོ་མི་བྱེད་པ། ཉེར་ཕྱོགས་ཁྲིམས་འགལ་བཅས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་ཁྲིམས་ལྟར་ཆད་པ་གཅོད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝང་ཏུང་མིང་དང་། ཝུའེ་ཧུང་། དབང་ཆི་ཏེ་སོགས་ཀྱིས་ས་ཁོངས་འཕེལ་རྒྱས་དང་། ཁེ་ལས་ཕྱིར་སྐྱོད་པ། དབུལ་སྐྱོར་འགག་སྒྲོལ་སོགས་ཀྱི་གནད་དོན་ཐད་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ལི་ཁེ་ཆང་གིས་གཏམ་ལྕེབས་ཡང་ཡང་གནང་ནས་ཚང་མ་དང་ལྷན་དུ་གྲོས་བསྡུར་གནང་བ་རེད། ཁོང་གིས་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་བློ་གཏོང་གཞི་ཆེ་ཤོས་དབུས་ནུབ་རྒྱུད་དུ་ཡོད་པས་སི་ཁྲོན་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། གཅིག་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ནང་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་རྒྱལ་ཁབ་ཀྱིས་དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་དང་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་ཧུར་ཐག་བཏང་ནས་དཔལ་འབྱོར་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་དགོས་པ་མ་ཟད། སྤུས་ཚད་དང་ཕན་འབྲས་སྐས་རིམ་གསར་པ་ཞིག་ཏུ་དེ་བས་སླེབས་པ་བྱེད་དགོས། གཉིས་ནས་སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་འཐབ་ས་མདུན་མར་སླེབས་པ་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སྣ་ཚོགས་སེལ་བ་དང་མེད་པ་བཟོས་ཚེ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཞིག་མངོན་སྲིད། ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་ཆེན་པོ་བཏོད་དེ་ཐོན་རྫས་ཕྱིར་གཏོང་ནས་ཐོན་ལས་ཕྱིར་གཏོང་བྱ་རྒྱུའི་བར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནང་གཏིང་ཟབ་ཞུགས་ནས་ཐོན་ལས་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ནང་འཇོག་དགོས། དབུལ་སྐྱོར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱིས་དབུལ་པོའི་ས་ཁུལ་གྱི་སྤྱི་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ངེས་ཡིན་པས་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
     ཀྲང་ཏེ་ཅང་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝང་མིང་དང་། ལི་ཤིས། ལི་ཧྥུང་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཏེ་ཅང་གིས་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་རྗེས་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་དང་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད། རྒྱུན་རྣམ་གསར་པར་ངོས་འཛིན་ཡང་དག་དང་། རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ། རྒྱུན་རྣམ་གསར་པར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་ཡིད་ཆེས་ཆེར་གཏོང་དང་། ཆོས་ཉིད་ཁོང་དུ་ཆུད་པ། གོ་སྐབས་དམ་འཛིན་བཅས་བྱས་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་རྒྱུན་རྣམ་གསར་པའི་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལྟེ་བ་དེར་དམ་པོར་དམིགས་ནས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིགས་སྒྱུར་རིམ་སྤོར་ཡོང་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་དང་རྒྱུན་མཐུད་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཕར་གཞི་གསར་པ་དང་འགྲན་རྩོད་ཀྱི་ལེགས་ཆ་སྐྱེད་སྲིང་དང་ཆེ་རུ་གཏོང་དགོས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱས་ཏེ་བློ་སྟོབས་དང་ལས་དོན་སྤེལ་ཤུགས་དེ་བས་ཆེ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མེད་པ་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་དང་སྒུལ་ཤུགས་གསར་པ་འཕེལ་བ་བྱེད་དགོས་ཞེས་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ལུའོ་ཧུའེ་ཉིང་དང་། ཧའོ་ཕུང་། ཧོ་ཧྥུང་སོགས་ཀྱི་གཏམ་བཤད་གསན་རྗེས་ཡུས་ཀྲེང་ཧྲེང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་མཚོ་སྔོན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་མཚོ་སྔོན་གྱིས་འཐབ་ཇུས་གནས་བབ་གལ་ཆེན་བཟུང་ཡོད་པས་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་། “ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་དང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱེད་པ། སྒྱུར་བཅོས་འགག་སྒྲོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་སློབ་གསོ་དང་ལས་ཞུགས་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། དུས་བབ་གསར་པའི་འོག་གི་མི་རིགས་ཆོས་ལུགས་ལས་དོན་དང་བོད་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་འགན་ལེན་བྱེད་དགོས་ཞེས་གསུངས་ཤིང་། ཡུས་ཀྲེང་ཧྲེང་གིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་ནི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་བཀོད་སྒྲིག་གལ་ཆེན་ཞིག་དང“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོབ་བཅས་ཀྱི་ནུས་པ་རང་རྟོགས་ངང་ཆེ་རུ་བཏང་ནས་ཐོན་ཁུངས་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་ཡིན་ནའང་འདྲ་ཡང་ན་སྤྱི་ཚོགས་བཅོས་སྐྱོང་གང་ཞིག་ཡིན་རུང་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་ཁྲིམས་ལྟར་རྒྱལ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་དང་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་ལག་བསྟར་བྱ་རྒྱུར་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལ་བརྩི་བཀུར་དང་། ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་མིག་དཔེ་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ལིའུ་ཡུན་ཧྲན་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཀྲའོ་ཁེ་ཅི་དང་། ཁྲེན་མིན་ཨར། ཁྲེན་ཁྲང་ཤུས་སོགས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་སོགས་ཐད་གཏམ་བཤད་ཧུར་ཐག་གནང་བ་རེད། ལིའུ་ཡུན་ཧྲན་གྱིས་གཏམ་བཤད་གསན་རྗེས་སྒོ་ཀུན་ནས་ཏང་ནན་སྐྱོང་གི་གཙོ་གནད་ནི“འགག་རྩ་གྲངས་ཉུང”ཡིན་པའི་འགོ་ཁྲིད་ལས་བྱེད་པར་དོ་དམ་ནན་པོ་བྱས་ཏེ་ནན་པོ་མཐར་ཕྱིན་པ་དང་། ནན་པོ་དོན་ཐོག་ཏུ་འཁྱོལ་བ། ནན་པོ་སྣག་ཐོག་གཙགས་འཁེལ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱ་རྒྱུ་དེ་རེད། བསམ་བློ་སློབ་གསོའི་ཐད་དོ་ནན་པོ་བྱས་ནས་ཕུགས་བསམ་དང་དད་སེམས་དང་། དམིགས་ཡུལ་གྱི་འདུ་ཤེས། ཏང་གཤིས་དང་ཏང་སྲོལ་བཅས་ཀྱི་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཏང་ཡོན་ལས་བྱེད་པས་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་གུང་ཁྲན་ཏང་མིའི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་དགོས། མི་སྣ་འདེམས་སྤྱོད་ཐད་ནན་པོ་བྱས་ནས་ཚད་གཞི་ནན་པོ་དང་འགན་འཁྲི་ནན་པོ་ཡོང་བ་བྱས་ཏེ་ལས་བྱེད་པའི་ལས་ཀར་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་བཏང་ནས་མི་སྣ་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། ལས་བྱེད་པའི་དོ་དམ་ཐད་ནན་པོ་བྱས་ཏེ་དུས་རྒྱུན་ནས་སྣང་ཆེན་དང་འཐབ་ཕོད་པ་དང་སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་སྔོན་འགོག་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་མ་ཐག་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས་པའི་དྲན་སྐུལ་བྱས་ནས་ལས་བྱེད་པའི་སེམས་ནང་སྐྲག་སྣང་ཡོད་པ་དང་། སྐད་ཆར་ཚོད་ཡོད་པ། བྱ་སྤྱོད་ལ་བཀག་ཆ་ཡོད་པ་བཅས་བྱེད་དགོས། ལས་བྱེད་པར་དོ་དམ་ནན་པོ་བྱེད་པར་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ལམ་ལུགས་གོ་མི་ཆོད་པ་དང་སྒྲིག་ཆས་ཙམ་ཏུ་འགྱུར་རྒྱུ་བཀག་འགོག་དང་། གཅོག་འཕྲི་དང་བབ་བསྟུན་བྱ་རྒྱུ་བཀག་འགོག་བྱས་ཏེ་ལམ་ལུགས་ཀྱི་སྒམ་ནན་གྱི་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད། ལིའུ་ཡུན་ཧྲན་གྱིས་ཀུའེ་ཀྲོའུ་ཡིས་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས་ཡར་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཝང་ཆི་ཧྲན་ཧའེ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ལུའོ་པའོ་མིང་དང་། ཀའོ་ཀྲི་གོ ཧའོ་རུའུ་ཡུས་སོགས་ཀྱི་གཏམ་བཤད་གསན་རྗེས་ཝང་ཆི་ཧྲན་གྱིས“སྒོ་ཀུན་ནས་བཞི”ནི“ཕྱོགས་ལྔ་གཞི་གཅིག”འཛུགས་སྐྱོང་གི་འགན་ལེན་ཞིག་ཡིན་པས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་རྩ་བ་ཡིན། ཏང་ནན་སྐྱོང་དེ་རྩ་དོན་མེད་པའི་ངང་དགའ་པོ་འཆམ་པོ་བྱེད་མི་རུང་བར་རྣ་བ་གསང་པོ་དང་མིག་གསལ་ཙམ་ཡོད་དགོས། སྐོར་ཞིབ་ནི་ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་གཙོ་གཟུགས་འགན་འཁྲིའི་ཞིབ་ཕྲ་ཅན་ཞིག་ཡིན། ཉེ་དུས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་ལ་སྐོར་ཞིབ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུར་གྲོས་ཞིབ་བྱས་ཡོད། ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་མཛད་ཕྱོགས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་རལ་གྲི་མཐོན་པོར་འཕྱར་བ་དང་རྒྱུན་དུ་ཟིལ་གནོན་བྱེད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་འགན་འཁྲི་འཁུར་བ་དང་། བྱེད་ཐབས་ལེགས་སུ་གཏོང་བ། གནད་དོན་ཤེས་རྟོགས་ཐུབ་རྒྱུར་དོ་སྣང་བྱེད་པ། རིམ་པ་བཞིན་གནོན་ཤུགས་ཡོད་པ་བཅས་བྱེད་དགོས། ཏང་ཨུད་རྒྱུན་ཨུད་ཀྱིས་སྐོར་ཞིབ་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱེད་པ་དང་། “མི་ལྔ་ལས་གྲུབ་པའི་ཚོགས་ཆུང”གིས་རེས་སྐོར་ཚང་མའི་སྐོར་ཞིབ་བྱས་ཚུལ་གྱི་སྙན་སེང་ཉན་པ། ཏང་ཨུད་ཀྱི་ཧྲུའུ་ཅིས་དར་ཆ་གསལ་སྟོན་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་གཙོ་གནད་གནད་དོན་ཁྲོད་ཀྱི་མི་དང་བྱ་བར་ཐག་གཅོད་ཀྱི་བླང་བྱ་ཁ་གསལ་འདོན་དགོས། སྐོར་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱས་ནས་གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཆི་ཧྲན་གྱིས་ཧའེ་ནན་གྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཀྲང་ཀའོ་ལི་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཞུའེ་ཁེ་ལའེ་ཐི•ཀྲ་ཁེར་དང་། ཁྲེ་ཅུན། རེ་ཧན་ཀུའུ་ལི•དབྱི་སྨིར་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཀའོ་ལིས་འདས་ཟིན་པའི་ལོ་གཅིག་རིང་ཤིན་ཅང་གི་སྒྱུར་འཕེལ་བརྟན་གསུམ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པས་ཤིན་ཅང་གིས་ཀྲུང་དབྱང་གི་བླང་བྱ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཞིར་བཟུང་། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞིར་བྱས་ནས“ཁུལ་གཅིག་དང་ལམ་གཅིག”འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱེད་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “རྟེན་གཞི་གསུམ་དང་བགྲོད་ལམ་གཅིག”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་། ལས་ཞུགས་ཨང་དང་པོ་དང་སློབ་གསོ་སྔོན་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤིན་ཅང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་ཐུབ་པ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཤིན་ཅང་བརྟན་ལྷིང་དང་དར་རྒྱས། དམངས་ཕྱུག་མཐའ་བརྟན་བཅས་ཀྱི་ལེའུ་གསར་པ་བརྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།