མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་ཆི་ཧྲན་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་12ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྔོན་འགྲོ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་མ་བརྗེད་པ་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྟན་པོ་སྲུང་དགོས། སྤྱོད་ཚུལ་སྒྱུར་བའི་ཐད་ངེས་པར་དུ“རྡོ་ལ་ལག་རྗེས་ཐོན་པ་དང་ལྕགས་ལ་ཤུར་ཁ་ཐོན་པ”བྱས་ཏེ་མཐའ་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་། གཏིང་ཟབ་ཁྲོད་མཐའ་འཁྱོངས། རྒྱུན་སྲིང་ལྷོད་མེད་ཀྱི་སྤྱོད་ཚུལ་བཟང་པོ་དང་སྒྲིག་ཁྲིམས་ནན་པོ། བྱེད་མི་ཕོད་པ་དང་འགོག་པའི་རྣམ་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕུལ་བྱུང་ཏང་སྲོལ་གྱིས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལ་སྣེ་ཁྲིད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་གྲོས་ཞིབ་ནང་ཞུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་སོགས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།
         ཕྱི་དྲོའི་ཆུ་ཚོད་གསུམ་པར་ཝང་ཆི་ཧྲན་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་ཕེབས་སྐབས་འཐུས་མི་ཕུར་བུ་ཚེ་རིང་དང་། བསོད་ནམས་ཕུན་ཚོགས། པད་མ་ཆོས་སྒྲོན། ཕུན་ཚོགས། བཀྲ་ཤིས་དབྱངས་ཅན་བཅས་ཀྱིས་མདུན་དུ་བཅར་ཏེ་ཕེབས་བསུ་ཞུས་པ་མ་ཟད། ཁོང་ལ་དཀར་གཙང་མཇལ་དར་ཕུལ་ནས་སྨོན་འདུན་བཟང་པོ་ཞུས་པའི་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝང་ཆི་ཧྲན་གྱིས་ཞལ་མོ་བཞད་བཞིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཟུར་ཞུགས་མི་སྣ། ཚོགས་འདུའི་ཟུར་ཉན་མི་སྣ་བཅས་ལ་ཕྱག་བཏང་ནས་འཚམས་འདྲི་ཞུས་གནང་བ་རེད།
         བྱམས་པ་ཕུན་ཚོགས་དང་། ཁྲེན་ཆོན་གོ བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། བློ་བཟང་བསྟན་པ། ཕུར་བུ་ཚེ་རིང་། བཀྲ་ཤིས་དབྱངས་ཅན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཚང་མས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་དང་། བོད་ཀྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམས་པ་བྱ་རྒྱུ་དང་། བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་རྒྱུ། ཏང་གི་ཆོས་ལུགས་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། མཐའ་དར་དམངས་ཕྱུག་གི་བྱེད་ཐབས་ལག་བསྟར་དང་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་འཕེལ་རྒྱས་དང་འགྱུར་ལྡོག་གླེང་བ་དང་དོན་དངོས་ཀྱི་གྲངས་གཞི་དང་། ཞིབ་ཕྲའི་བྱེད་ཐབས། བརྒྱུད་པའི་ཉམས་མྱོང་བཅས་ཀྱི་ཐོག་ནས་ཝང་ཆི་ཧྲན་ལ་འདས་ཟིན་པའི་ལོ་དེའི་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་ཐོབ་ལུགས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ངོ་སྤྲོད་ཞུས་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པ་བྱས་པ་རེད།
         ཝང་ཆི་ཧྲན་གྱིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། གནད་འགག་ཡོད་པའི་དོན་ཟིན་ཐོ་བཀོད་གནང་བ་དང་འབྲེལ་ཚང་མ་དང་སྤེལ་རེས་དང་གྲོས་བསྡུར་གནང་བས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། ཝང་ཆི་ཧྲན་གྱིས་ཕྱུག་འགྱུར་དང་ཤེས་དཔལ་དོན་གཉེར་བྱ་རྒྱུ་དེ་ནི་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་འགྱུར་མེད་ཀྱི་སྒུལ་ཤུགས་ཡིན། ང་ཚོའི་ཏང་གི“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་ནང་དོན་ནི་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་བསྐངས་རྒྱུ་དེ་ཡིན། ཏང་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྔོན་འགྲོ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་མ་བརྗེད་པ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྟན་པོ་བསྲུངས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ནམ་ཡང་སེམས་སུ་འཇོག་དགོས། གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་ནི་ཏང་ཀྲུང་དབྱང་གི་གཟབ་ནན་གྱི་ཁས་ལེན་ཞིག་ཡིན་ལ། རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་ཞིག་ཀྱང་ཡིན། “སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུ་ནི་ཕམ་མི་རུང་བའི་འཐབ་རྩོད་ཅིག་ཡིན། གལ་ཏེ་བསྐྱར་ལོག་བྱས་ན་དམངས་ཀྱི་ཡིད་ཆེས་ཐོབ་མི་ཐུབ་པ་མ་ཟད། ཏང་ལ་གནོད་འཚེ་ཆེན་པོ་བཟོ་སྲིད། ཚིག་གསར་པ་ཤོད་སྐབས་ཚིག་རྙིང་པ་བརྗེད་མི་རུང་། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་ཐད་ངེས་པར་དུ“རྡོ་ལ་ལག་རྗེས་ཐོན་པ་དང་ལྕགས་ལ་ཤུར་ཁ་ཐོན་པ”བྱེད་དགོས་ལ། མཐའ་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་། གཏིང་ཟབ་ཁྲོད་མཐའ་འཁྱོངས་བྱས་ཏེ“སྤྱོད་ཚུལ་བཞིའི”སྒུལ་ཚུལ་གསར་པ་དང་སྣང་ཚུལ་གསར་པར་དམ་པོར་ལྡིར་ནས་རྒྱུན་སྲིང་ལྷོད་མེད་ཀྱི་སྤྱོད་ཚུལ་བཟང་པོ་དང་སྒྲིག་ཁྲིམས་ནན་པོ་རྒྱུན་འཁྱོངས་དང་། བྱེད་མི་ཕོད་པ་དང་འགོག་པའི་རྣམ་པར་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ཕུལ་བྱུང་གི་ཏང་སྲོལ་ཐོག་ནས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་གསུང་བཤད་གལ་ཆེན་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཕྱོགས་ལ་དམ་པོར་དམིགས་པས་དགོངས་དོན་ཟབ་ལ་སེམས་བཟང་དོན་ཟབ་ཡོད་པ་མ་ཟད། བོད་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་སླད་ཕྱིན་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་རེ་བ་ནན་པོ་བཏོན་གནང་ཡོད། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཏང་གིས་ཏང་ལ་དོ་དམ་དང་། ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ། ལག་གཅིག་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་དང་ལག་གཅིག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་ཕན་པ། རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་བརྟན་སྲུང་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བར་བསུ་བ་ཞུ་རྒྱུ་དང་འབྲེལ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་མ་ཟད། ཧྲུའུ་ཅི་ཝང་ཆི་ཧྲན་གྱི་དམིགས་བསལ་གྱི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།