མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།

མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་དགོངས་འདུན་ཆགས། དུས་རབས་ཀྱི་ངར་སྒྲ་གྲགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་སྤྱི་ཟླ་3ཚེས་15ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་གནང་བ་དང་། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཀྲུའུ་ཞིའི་བཀའ་རྒྱ་ཨང་20པ་ཡོངས་བསྒྲགས་བྱས་པ་རེད།
         སྤྱི་ཟླ་3ཚེས་15ཉིན་གྱི་ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི་2964ཡོད་པ་དང་། འཐུས་མི་2877དངོས་སུ་ཕེབས་པ་དང་འཐུས་མི་87ཕེབས་མེད་པ། ཚོགས་འདུར་ཕེབས་མཁན་གྱི་འཐུས་མིའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ཆེ་མོའི་ནང་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་ཀྱི་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་། ཚོགས་ཆེན་རིང་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཁྲིམས་ལྟར་འགན་དབང་གཙང་སྒྲུབ་བྱས་པ་དང་། སྤྱི་ཟླ་3ཚེས་15ཉིན་ཁོང་ཚོས་དེ་གར་གཟི་བརྗིད་ལྡན་པའི་འདེམས་ཤོག་འཕངས་པ་རེད།
         མཇུག་འགྲིལ་ཚོགས་འདུ་དེ་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན་པའི་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུང་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། གྲོས་ཆོད་ནང་བསྟན་དོན། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་སྒྲོན་ནང་བཏོན་པའི་2015ལོའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དང་། དམིགས་ཚད་དང་་ལས་འགན། སྲིད་ཇུས་དང་བྱེད་ཐབས་བཅས་ལ་མོས་མཐུན་བྱུང་བ། སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་དང་། 2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལ་ཆོག་མཆན་གནང་བ། 2014ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ། 2014ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2015ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་གནང་བ་བཅས་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱས་པ་དང་། གཏན་འབེབས་དེ་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས་>>དེ་གཏན་འབེབས་དེར་གཞིགས་ནས་བཟོ་བཅོས་འོས་འཚམ་བརྒྱབ་སྟེ་སླར་ཡང་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
         ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་དང་། གྲོས་ཆོད་ནང་བསྟན་དོན། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་སྒྲོན་ནང་བཏོན་པའི་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་གཙོ་བོ་དང་ལས་ཀའི་བཀོད་སྒྲིག་ལ་མོས་མཐུན་བྱས་ནས་སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་སྙན་སྒྲོན་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
        ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲེན་ཅི་ཉིང་དང་ཁྲེན་ཧའོ་གཉིས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུའི་རེ་བ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད།
         ཀྲང་ཏེ་ཅང་གིས་ཚོགས་འདུའི་རིང་འཐུས་མི་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཆེན་པོ་ཕྲག་ཏུ་འཁུར་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་འཁུར་ཏེ་སྤྱི་ཡོངས་ལ་དམིགས་པ་དང་། དོན་ཆེན་གླེང་བ། དོན་དངོས་ལ་སྣང་ཆེན། དངོས་ཕན་ཐོབ་ཐབས། ཕྱར་བ་གྲུ་འདེགས། བློ་བསྡུས་དགེ་འཚོལ་བཅས་བྱས་ནས་ཚོགས་འདུའི་གྲུབ་འབྲས་ཁག་གི་ཐོག་ནས་ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གཅིག་གྱུར་ཡིན་པ་གང་ལེགས་མཚོན་ཡོད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་ལྟར་འགན་དབང་གཙང་སྒྲུབ་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། 2015ལོའི་རྒྱལ་ཁབ་ཀྱི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་གཉིས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་ད་རེས་ཀྱི་ཚོགས་འདུའི་གྲུབ་འབྲས་ཆེན་པོ་ནི་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་དང་གྲོས་འཆམ་བྱས་ནས་དུས་བབ་གསར་པའི་འོག་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་རྒྱུ། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནས་འགོ་བཙུགས་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་། སྒོ་ཀུན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དང་འབྲེལ་ཆགས་ཡོད། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ་དང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་རྒྱུའི་འཐབ་ཇུས་དགོངས་པ་དང་འཐབ་ཇུས་བཀོད་སྒྲིག་གཅིག་སྡུད་ཐོག་མངོན་ཡོད་པས་དེར་གཅིག་འདོམས་དང་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
         མཇུག་ཏུ་ཀྲང་ཏེ་ཅང་གིས་རླབས་ཆེན་དམིགས་ཚད་མངོན་འགྱུར་བྱེད་པར་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་བྱེད་དགོས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་བློ་སེམས་གཅིག་མཐུན་དང་། གསར་འབྱེད་ཡར་བརྩོན། ལས་དོན་ཏན་ཏིག་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།
         ཆུ་ཚོད་དགུ་དང་སྐར་མ་བཞི་བཅུའི་ཐོག་ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བའི་ཁྱབ་བསྒྲགས་གནང་བ་རེད།