མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་
དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་25ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་
དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐེ་ལན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཕེང་ཕེ་དང་གྲོས་མོལ་གནང་བ་རེད། 
         ཀྲང་ཏེ་ཅང་གིས་ཀྲུང་ཐེ་རྒྱལ་ཁབ་གཉིས་ནི་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཐེ་ལན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབྱི་ཧུའེ་གྲོས་ཚོགས་བར་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཕན་ཚུན་བར་སྤེལ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་སྐྱོང་སྲིད་གཉེར་དང་ཁྲིམས་འཛུགས་ལྟ་སྐུལ་ལ་སོགས་པའི་ཐད་ཀྱི་ཕན་ལྡན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། རྒྱལ་ཁབ་གཉིས་བར་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ཐད་མཉམ་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སྤེལ་བཏང་ནས་ཕྱོགས་གཉིས་བར་མ་དངུལ་འཇོག་པ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་པར་ཁྲིམས་ལུགས་ཐད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་བཅའ་ཁྲིམས་ཐོག་གི་འགན་སྲུང་ཆ་ཚང་བ་འདོན་སྤྲོད་བྱེད་འདོད་དང་། ཕན་ཚུན་བར་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱི་དང་ས་ཁུལ་གྱི་དབྱི་ཧུའེ་གྲོས་ཚོགས་རྩ་འཛུགས་བར་མཐུན་སྦྱོར་གཞོགས་འདེགས་དམ་པོ་བྱས་ཏེ་ཀྲུང་ཐེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ“ལེགས་ཐོག་ལེགས་བརྩེགས་དང་སྙིང་ཉེ་ཐོག་ཉེ་བརྩེགས”ཡོང་བའི་ཆེད་དུ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད། 
         ཕེང་ཕེ་ཡིས་ཐེ་ལན་རྒྱལ་ཁབ་ཀྱི་བསྒྱུར་བཅོས་དང་འཕེལ་རྒྱས་བྱ་གཞག་ལ་ཀྲུང་གོའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། རྒྱལ་ཁབ་གཉིས་བར་གྱི་ལྕགས་ལམ་འཛུགས་སྐྲུན་མཉམ་ལས་ལས་གཞིར་སྐུལ་སྤེལ་ཧུར་ཐག་གཏོང་བཞིན་ཡོད། ཐེ་ལན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབྱི་ཧུའེ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་བཏང་སྟེ་ཐེ་ཀྲུང་རྒྱལ་ཁབ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཇེ་ཟབ་ཡོང་བར་བྱེད་ཆེད་ནུས་པ་གང་ཡོད་འདོན་འདོད་ཡོད་ཅེས་བསྟན་གནང་བ་རེད།