མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨར་མེ་ཉི་ཡའི་ཙུང་ཐུང་སའར་ཅི་ཤང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་27ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨར་མེ་ཉི་ཡའི་ཙུང་ཐུང་སའར་ཅི་ཤང་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨར་མེ་ཉི་ཡའི་ཙུང་ཐུང་སའར་ཅི་ཤང་དང་གྲོས་མོལ་གནང་བ་རེད།
        ཞིས་ཅིན་ཕིང་གིས་སའར་ཅི་ཤང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་འབྲེལ་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་2015ལོའི་ལོ་ཚོགས་ལ་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་23རིང་ང་ཚོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས་འདྲ་མཉམ་གཉིས་ཕན་ངང་མཉམ་ལས་བྱས་ལ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་ང་ཚོས་དུས་ཡུན་རིང་པོའི་ནང་མཛའ་མཐུན་མཉམ་ལས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཕ་རོལ་པོས་རང་ཐག་རང་བཅད་ཀྱི་ལམ་ལུགས་དང་འགྲོ་ལམ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་། ཕ་རོལ་པོར་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གྱིས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་སྲིད་གཞུང་གིས་རང་རྒྱལ་ཁབ་ཀྱི་ཁེ་ལས་ཨར་མེ་ཉི་ཡའི་འགྲིམ་འགྲུལ་དང་། གཏེར་འདོན། གློག་ཤུགས། ཆ་འཕྲིན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ནང་ཞུགས་རྒྱུར་ལྕག་སྐུལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྱོང་སྒྲོམ་གཞིའི་ནང་རང་ངོས་ཀྱི་ལག་རྩལ་དང་གོ་མཚོན་ལེགས་ཆ་བཏོན་ནས་ཨར་མེ་ཉི་ཡ་དང་མཉམ་དུ་འཚམ་མཐུན་གྱི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱེད་འདོད་ཡོད་པས་ཨར་མེ་ཉི་ཡ་ཕྱོགས་ཀྱིས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་ཚོགས་པ་དང་ཀྲུང་གོའི་དབར་མཉམ་ལས་བྱ་རྒྱུར་སྐུལ་མ་ཧུར་ཐག་གཏོང་ཐུབ་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨར་མེ་ཉི་ཡའི་རྒྱའི་སྐད་ཡིག་སློབ་ཁྲིད་ཐད་མུ་མཐུད་རོགས་རམ་བྱས་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་ལ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་སྤྲོད་པའི་མི་གྲངས་མང་དུ་བཏང་སྟེ་ཕྱོགས་གཉིས་དབར་གྱི་རིག་གནས་དང་། གསར་འགྱུར། རིག་གཞུང་ལས་རིགས་དབར་སྤེལ་རེས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།
         སའར་ཅི་ཤང་གིས་ཀྲུང་གོ་ནི་ཨར་མེ་ཉི་ཡའི་གྲོགས་པོ་བཟང་པོ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་འགྲོ་འོང་དེ་གནའ་བོའི་དར་གོས་ལམ་བུའི་དུས་ནས་བྱུང་ཡོད། དེ་ལྟའི་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་མཐུན་ཟབ་མོ་བྱུང་ཡོད། ཨར་མེ་ཉི་ཡ་རང་བཙན་ཐོབ་རྗེས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མི་ཆད་པར་གཏིང་ཟབ་རྒྱ་ཆེ་བྱུང་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་སོང་ཡོད། ཀྲུང་གོས་ཨར་མེ་ཉི་ཡར་ཆབ་སྲིད་དང་དཔལ་འབྱོར་ཐད་ནས་སྒེར་སེམས་མེད་པར་རོགས་རམ་གནང་བར་ཨར་མེ་ཉི་ཡས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཨར་མེ་ཉི་ཡའི་ཕྱི་འབྲེལ་འབྲེལ་བ་བྱ་ཡུལ་གལ་ཆེ་ཤོས་དང་སྔོན་ལ་གདམ་བྱའི་གྲས་ཡིན་པས་ཨར་མེ་ཉི་ཡས་ཨར་མེ་ཉི་ཡའི་གཞུང་ལམ་དང་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ནང་འཇུག་རྒྱུའི་འདུན་པ་ཡོད་ལ། ཨར་མེ་ཉི་ཡས་རྒྱའི་སྐད་ཡིག་སློབ་གསོ་ཁྱབ་སྤེལ་དང་། ཁུང་ཙེ་སློབ་གླིང་གཉེར་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པས་ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་མཐོ་ཚད་གསར་པ་ཞིག་ཏུ་རྒྱུན་ཆད་མེད་པར་སླེབས་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་དང་གཞོགས་འདེགས་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དང་འཛམ་གླིང་དང་ས་ཁུལ་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་ཡོང་བར་སྐུལ་མ་ཐེབས་རྒྱུར་ཕན་འདོགས་ཡོད། འདི་ལོར་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤིས་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་གྱི་ཡོད། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་སྐབས་རྒྱལ་ཁོངས་ཨར་མེ་ཉི་ཡའི་སུའུ་ལན་དམར་དམག་གི་དཔོན་དམག་6000ལྷག་ཙམ་ཀྲུང་གོའི་བྱང་ཤར་གྱི་རི་འགོག་དམག་འཁྲུག་ནང་ཞུགས་ཡོད། ང་ཚོ་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་ཡིན་པར་བརྟེན་འཛམ་གླིང་ཐོག་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཡོད་དོ་ཅོག་དང་མཉམ་དུ་རྒྱལ་སྤྱིའི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
        སའར་ཅི་ཤང་གིས་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་བས་ཨར་མེ་ཉི་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་དང་མཉམ་དུ་འཛམ་གླིང་གི་ཧྥ་ཤིས་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་འདོད་ཡོད་ཅེས་གསུངས་པ་རེད།
         ཡང་སའར་ཅི་ཤང་གིས་ཨར་མེ་ཉི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་གོ་སྔ་ཙམ་རྒྱལ་ཁབ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་གསུངས་པར་ཞིས་ཅིན་ཕིང་ཐུགས་མོས་པོ་གནང་བ་རེད།
        གྲོས་མོལ་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་<<མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་དང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨར་མེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་>>ལ་མིང་རྟགས་བཀོད་པ་མ་ཟད། དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། སྲིད་ཁྲིམས། ཁྲིམས་འཛིན། འགག་སྒོ། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་རེད།
        གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་སའར་ཅི་ཤང་ལ་ཕེབས་བསུའི་མཛད་སྒོ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཀྲུའུ། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིན་ཝུན་དབྱི་སོགས་ཕེབས་ཡོད།