མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འཚོགས་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་27ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འཚོགས་འགོ་བརྩམས་པ།

མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་4རིང་གི་2015ལོའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ཧའེ་ནན་ཞིང་ཆེན་པོ་ཨའོ་གྲོང་བརྡལ་དུ་འཚོགས་འགོ་བརྩམས་ཤིང་། ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི“ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་ནི་བདེ་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པའི་ཕྱོགས་སུ་བསྐྱོད་རྒྱུ”ཞེས་པ་རེད།
         ཉིན་གཉིས་རིང་གི་ཡན་ལག་གླེང་སྟེགས་འཚོགས་རྗེས་ཀྱི་ཚེས་28ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་རྡོག་ཚིག་གསུང་བཤད་ཀྱང་གནང་རྒྱུ་རེད། ལོ་ཚོགས་ཐོག་སྤྱི་ཁོག་དཔལ་འབྱོར་དང་། ས་ཁོངས་བར་མཉམ་ལས། ཐོན་ལས་རིགས་བསྒྱུར། ལག་རྩལ་གསར་གཏོད། ཆབ་སྲིད་བདེ་འཇགས། སྤྱི་ཚོགས་དམངས་འཚོ་ལ་སོགས་པའི་ཁྱབ་ཁོངས་ལ་དམིགས་ནས་དངོས་གཞིའི་བྱེད་སྒོ་ཐེངས་77བཀོད་སྒྲིག་བྱས་ཡོད་པའི་ནང་ཡན་ལག་གླེང་སྟེགས་དང་། སྒོ་རྒྱག་གྲོས་ཚོགས། གྲལ་སྒོར་གྲོས་བསྡུར། བརྙན་འཕྲིན་སྟེང་རྩོད་གླེང་སོགས་ཚུད་པ་རེད། ལོ་ཚོགས་ལ་ཞུགས་པའི་སྐུ་མགྲོན་ལ་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་པུའུ་ཀྲང་རིམ་པ་ཡན་གྱི་དཔོན་རིགས་80ལས་བརྒལ་བ་དང་། འཛམ་གླིང་སྟོབས་ལྡན་ཀུང་སི་500ཁྲོད་ཀྱི་200ཡི་འགན་ཁུར་པ་བཅས་ཡོད་པ་རེད། ཉིན་དང་པོའི་ཡན་ལག་གླེང་སྟེགས་ཐོག་ཀྲུང་གོའི་དངུལ་ལོར་ཚོང་རའི་སྒོ་འབྱེད་རྒྱུ་དང་། གྲོང་གསེབ་ཀྱི་དངུལ་རྩ་བསྒྱུར་བཅོས། འཕྲིན་དྲའི་དངུལ་རྩ་ལ་སོགས་པའི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཐད་དཔྱད་བསྡུར་ཁྱབ་ཆེན་བྱེད་རྒྱུ་རེད། གཞན་ཡང་ཕྱོགས་སོ་སོ་ཚང་མས་དོ་ཁུར་ཆེན་པོ་བྱེད་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་དང་། རང་མོས་ཉོ་འཚོང་ཁུལ། “ཁུལ་གཅིག་ལམ་གཅིག་”ཞེས་པ་སོགས་ཀྱི་བརྗོད་གཞི་ཚང་མ་ཐེངས་འདི་གླེང་སྟེགས་ཀྱི་ལོ་ཚོགས་ཀྱི་མདོ་གནད་གལ་ཆེན་དུ་འགྱུར་རྒྱུ་རེད།
         པོ་ཨའོ་གླེང་སྟེགས་ཐོག་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་ཨེ་ཤེ་ཡས་མ་ཚད་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་ཁབ་ཁག་བར་དཔལ་འབྱོར་གསར་གཏོད་དང་། རིགས་བསྒྱུར། མཉམ་ལས་བཅས་ལ་གཞོལ་བའི་ཐད་ཐབས་འདོན་ཇུས་འགོད་དང་ཕན་ཚུན་མཐུད་སྦྱོར་ཇི་ལྟར་བྱས་ཏེ་ཨེ་ཤེ་ཡ་ས་ཁུལ་དུ་ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་དང་ཐུན་མོང་ཐོག་འཕེལ་རྒྱས་ཚུད་པའི་རྒྱུན་མཐུད་ངང་གོང་དུ་འཕེལ་བ་མངོན་འགྱུར་བྱེད་རྒྱུར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཏེ་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་ཡར་རྒྱས་དང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་སྐོར་མུ་མཐུད་ནས་དཔྱད་བསྡུར་བྱེད་རྒྱུ་རེད།