མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྲིམས་འཛིན་གྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་རྒྱུ་རྩ་བའི་ཚད་
གཞིར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་
གཏིང་ཟབ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་27ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་24ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་དང་ཁྲིམས་འཛིན་གཞུང་དྲང་འགན་ལེན་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞུང་དྲང་དང་། ནུས་མཐོ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཁྲིམས་འཛིན་གཞུང་དྲང་ཡོང་བ་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་འདྲ་མཉམ་དྲང་བདེན་དང་འབྲེལ་བ་ཡོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་ཡང་འབྲེལ་བ་ཡོད། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཁྲིམས་འཛིན་གྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་རྒྱུ་རྩ་བའི་ཚད་གཞིར་བྱ་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་ཁྲིམས་འཛིན་ཆོས་ཉིད་ལ་སྲུང་བརྩི་ཞུ་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། གནད་དོན་གྱི་ཁྲིད་ཕྱོགས་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་མཐའ་འཁྱོངས་བཅས་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་གནད་སེལ་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཀྱིས་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཅི་ལིན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེ་མོ་བ་ཧོང་ཝུན་དབྱི་ཡིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་སྦྲགས་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་གཟབ་ནན་ངང་ཉན་པ་མ་ཟད་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་ཡང་བྱས་པ་རེད།
         ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གཏམ་བཤད་གནང་ཞིང་། ཁོང་གིས་རང་རྒྱལ་གྱི་ཁྲིམས་འཛིན་ལམ་ལུགས་ནི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་ཡུན་རིང་པོའི་ལག་ལེན་ཁྲོད་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པས་སྤྱིའི་ཆ་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་འཚམ་ཡོད། དེ་དང་ཆབས་ཅིག་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཁྲིམས་འཛིན་བྱེད་སྒོའི་ཁྲོད་ཁྲིམས་འཛིན་གཞུང་དྲང་མེད་པ་དང་། ནག་མེད་ཉེས་འགེལ་གྱི་གྱོད་གཞི། ཁྲིམས་འཛིན་རུལ་སུངས་བཅས་དང་དེ་བཞིན་དངུལ་ལོར་གྱི་གྱོད་གཞི་དང་། དབང་ཆའི་གྱོད་གཞི། ངོ་སོའི་གྱོད་གཞི་སོགས་ཀྱི་གནད་དོན་གནས་ཡོད། གནད་དོན་དེ་རིགས་ཐག་གཅོད་བྱ་རྒྱུར་དམ་འཛིན་མ་བྱས་ཚེ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་བརྒྱུད་རིམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་དམ་པོར་དམིགས་པ་དང་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུར་དམ་པོར་དམིགས་ནས་སྒྱུར་བཅོས་ཀྱི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་བྱས་པས་འཕེལ་རིམ་གལ་ཆེན་བྱུང་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཁྲིམས་འཛིན་ལམ་ལུགས་ནི་སྟེང་གི་བཀོད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ང་ཚོས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་རང་ངོས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་ཞིག་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་པ་ཞིག་རེད། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྩ་བའི་འགན་ལེན་ཞིག་དང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་རྩ་བའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བར་ངེས་པར་དུ་ཏང་གི་གཅིག་གྱུར་འགོ་ཁྲིད་འོག་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱ་རྒྱུ་དེ་འདྲི་གཅོད་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་ལས་དོན་སྤེལ་རྒྱུ་དང་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་བྱེད་པར་ངེས་པར་དུ་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་དགོས། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ཕན་འབྲས་གང་འདྲ་བྱུང་མིན་དེ་མི་དམངས་ཀྱི་གདེང་འཇོག་ལ་ཐུག་པ་དང་། མདོར་ན་ཁྲིམས་འཛིན་གྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་ཕྱིན་མིན་ལ་ལྟ་དགོས། ཁྲིམས་འཛིན་ནི་སྤྱི་ཚོགས་འདྲ་མཉམ་དྲང་བདེན་སྲུང་སྐྱོང་གི་མཐའ་མའི་སྲུང་ཐིག་ལྟ་བུ་ཡིན། དྲང་བདེན་ནི་ཁྲིམས་འཛིན་གྱི་བླ་སྲོག་དང་ཚེ་སྲོག་ལྟ་བུ་ཡིན། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པར་མི་དམངས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་ནས་འཐབ་ས་དང་པོའི་ཁྲིམས་འཛིན་གྱི་གནས་ཚུལ་དངོས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་ཡང་སྙིང་རེ་སྒུག་གང་ཞིག་བྱེད་མིན་ཤེས་རྟོགས་བྱས་ཏེ་གནད་དོན་ཇི་ཙམ་ཐག་གཅོད་བྱས་པ་དང་གནད་དོན་ཐག་གཅོད་བྱས་པར་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་བྱུང་མིན་དེ་སྒྱུར་བཅོས་ཀྱི་ཕན་འབྲས་ལ་གདེང་འཇོག་བྱེད་པའི་ཚད་གཞིར་བརྩི་དགོས་ཞེས་གསུངས་པ་རེད།