མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་སྐམ་ས་ཆེ་མོར་འཚམས་འདྲི་ཞུ་མཁན་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུའུ་ལི་ལུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སྐམ་ས་ཆེ་མོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ལོ་10ཡི་གོང་དུ་མཚོ་འགག་ངོགས་གཉིས་དབར་གྱི་འབྲེལ་བ་ཛ་དྲག་པའི་དུས་སུ་གོ་གུང་ཏང་གཉིས་ཀྱིས་ངོགས་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ལས་དབང་ཆེད་དུ་ལོ་རྒྱུས་ཀྱི་བཀག་རྒྱ་གཏོར་ནས་ཞི་བའི་མཐུན་འགྲིག་བྱུང་སྟེ། ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་གི་འགྲོ་ལམ་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་ཤིང་། ལོ་10ཡི་རིང་། གོ་གུང་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་འོད་ཟེར་ལྡན་པའི་མདུན་ལམ་གཏོད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོར་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པས་ངོགས་གཉིས་ཀྱི་སྤུན་ཟླའི་རྒྱ་ཁྱབ་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཁས་ལེན་དང་བསྔགས་བརྗོད་ཀྱང་ཐོབ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཉམས་མྱོང་ཧ་ཅང་རྩ་ཆེ་རེད། མདོར་བསྡུས་ནས་བཤད་ན། དེ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་འགྲོ་ལམ་མཐའ་འཁྱོངས་དང་།“ དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས།“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་མཐའ་འཁྱོངས། ངོགས་གཉིས་ཀྱི་གྲོས་བསྡུར་གྲོས་མོལ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ངོགས་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་སྤུན་ཟླ་རྩ་བ་གཅིག་དང་། འབྱུང་ཁུངས་གཅིག་ཡིན་པ་དང་སྐད་ཡིག་གཅིག་དང་། རིགས་རྒྱུད་གཅིག་ཡིན་པས་སྔ་ཕྱི་བར་གསུམ་དུ་ལས་དབང་གཅིག་མཐུན་རེད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་བའི་ད་ལྟ་ངོགས་གཉིས་ནི་གཅོད་ཐབས་བྲལ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། དུས་བབ་གསར་པའི་མདུན་དུ་གོ་གུང་ཏང་གཉིས་དང་ངོགས་གཉིས་ཀྱིས་གདེང་ཚོད་བརྟན་པོ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྲུང་སྐྱོང་བཅས་བྱས་ནས་ལག་གདང་སྦྲེལ་ཏེ་ངོགས་གཉིས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་དང་། དེའི་ཐད་ཞིས་ཅིན་ཕིང་གིས་འདོད་ཚུལ་ཁག་ལྔ་བཏོན་གནང་བ་སྟེ།
         དང་པོ།“དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་རྒྱུ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པ་དང་། དེའི་སྲོག་ཤིང་ནི་སྐམ་ས་ཆེ་མོ་དང་ཐའེ་དབན་ནི་ཀྲུང་གོ་གཅིག་ལ་གཏོགས་པ་ཁས་ལེན་དགོས་པ་དེ་རེད།“ དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”ཁས་མ་བླངས་པ་དང་ངོགས་གཉིས་པོ་ཀྲུང་གོ་གཅིག་ལ་གཏོགས་པའི་ཁྲིམས་གཞིའི་རྨང་གཞིར་འགྲན་སློང་བྱས་ནས“ཕྱོགས་རེར་རྒྱལ་ཁ་རེ”དང་།“ཀྲུང་གོ་གཅིག་དང་ཐའེ་དབན་གཅིག”བྱས་ཚེ་མི་རིགས་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་ངེས་རེད། ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་རྡོ་གཡོ་འགུལ་བཏང་ན་ཞི་བདེ་ཡོང་མི་ཐུབ་ལ་འཕེལ་རྒྱས་ཀྱང་ཡོང་མི་ཐུབ། ང་ཚོས་ཐོག་མཐའ་བར་གསུམ་དུ“དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱ་རྒྱུ་དེ་ཐའེ་དབན་དབང་འཛིན་ལས་ཁུངས་དང་སྲིད་ཏང་ཁག་དང་འགྲོ་འོང་བྱེད་པའི་རྨང་གཞིར་བརྩི་དགོས། གོ་གུང་ཏང་གཉིས་པོས་ངོགས་གཉིས་དབར་གྱི་འབྲེལ་བའི་ངོས་འཛིན་ཡང་དག་མཐའ་འཁྱོངས་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་གནོད་པའི་འི་གཏམ་བརྗོད་མཐའ་དག་ལ་དར་ཆ་གསལ་སྟོན་ངང་ངོ་རྒོལ་བྱས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཐའེ་དབན་མཚོ་འགག་གི་ཞི་བདེ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་དེ་སྔོན་ཐོབ་རྗེས་ཤོར་གཏན་ནས་བྱེད་མི་རུང་།
         གཉིས་པ། ངོགས་གཉིས་ཀྱི་ཁེ་ཕན་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུ་དང་། ཐུན་མོང་ཐོག་ངོགས་གཉིས་ཀྱི་གཉིས་ཕན་གཉིས་ཁེ་གཏོད་རྒྱུ། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དམིགས་ཡུལ་རེད། ངོགས་གཉིས་ཀྱི་སྤྱི་ཚོགས་སེམས་ཁམས་ཀྱི་མྱོང་ཚོར་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། ངོགས་གཉིས་ཀྱི་མང་ཚོགས་ལ་ཕན་པ་ཐོབ་རྒྱ་དང་ཕན་པ་ཐོབ་ཚོར་ཆེ་རུ་ཧུར་ཐག་གཏོང་དགོས། ལྷག་པར་དུ་ངོགས་གཉིས་ཀྱི་གཞི་རིམ་དམངས་ཚོགས་དང་། ཁེ་ལས་འབྲིང་ཆུང་། ཞིང་པ་དང་ཉ་པའི་མཉམ་ལས་འཕེལ་རྒྱས་། ན་གཞོན་ལས་གཏོད་ལས་ཞུགས་བཅས་ལ་གོ་སྐབས་སྔར་བས་མང་བ་མཁོ་འདོན་བྱས་ཏེ་ངོགས་གཉིས་ཀྱི་སྤུན་ཟླ་ཇི་ཙམ་ཞུགས་ན་དེ་ཙམ་ཕན་པ་ཐོན་ཐུབ་པ་བྱེད་དགོས། ང་ཚོས་སྔོན་ལ་སྤུན་ཟླ་ཐའེ་དབན་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་ལོངས་སྤྱོད་བྱེད་འདོད་ཡོད་པ་དང་། སྔོན་ལ་ཐའེ་དབན་ལ་སྒོ་དབྱེ་བ་མ་ཟད། སྤུན་ཟླ་ཐའེ་དབན་བར་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། སྐམ་ས་ཆེ་མོར་མ་དངུལ་འཇོག་པའི་ཐའེ་དབན་གྱི་མ་འཇོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ང་ཚོས་མུ་མཐུད་སྲུང་སྐྱོང་བྱས་ཏེ་ཁོ་ཚོའི་འཕེལ་རྒྱས་ཀྱི་ཆ་རྐྱེན་སྔར་བས་ལེགས་པ་གཏོད་རྒྱུ་ཡིན། ཐའེ་དབན་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ནང་ཞུགས་རྒྱུའི་གནད་དོན་ཐད་ངོགས་གཉིས་དབར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་གཉེར་གྲོས་བསྡུར་བྱེད་ཆོག ཀྲུང་གོ་གཅིག་གི་རྩ་དོན་ལས་མི་འགལ་བའི་གནས་ཚུལ་འོག་བཀོད་སྒྲིག་འོས་འཚམ་བྱེད་དགོས། ཐའེ་དབན་ཕྱོགས་ཀྱིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུའི་བསམ་འདུན་མཚོན་པར་ང་ཚོས་དགའ་བསུ་ཞུ་བའི་རྣམ་འགྱུར་འཛིན་གྱི་ཡོད།
         གསུམ་པ། ངོགས་གཉིས་ཀྱི་སྤེལ་རེས་མཐར་གཏུགས་ནས་བཤད་ན་མི་དང་མིའི་དབར་གྱི་སྤེལ་རེས་དང་གལ་ཆེ་ཤོས་ནི་སེམས་ཁམས་ཀྱི་སྤེལ་རེས་རེད། ངོགས་གཉིས་ཀྱི་སྤུན་ཟླས་གཡོ་ལྷད་མེད་པར་གྲོགས་པོ་སྒྲིག་པ་དང་། ཁྱད་པར་ལ་བརྩི་འཇོག བསམ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཀྱི་མོས་སེམས་དང་། རིག་གནས་ཀྱི་མོས་སེམས། རྒྱལ་ཁབ་ཀྱི་མོས་སེམས་བཅས་ཆེ་རུ་གཏོང་དགོས། ཀྲུང་ཧྭའི་རིག་གནས་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཡིན་ལ་ངོགས་གཉིས་ཀྱི་སྤུན་ཟླ་ཁྲག་རྒྱུན་མཉམ་འདྲེས་བྱེད་པའི་བསམ་པའི་སྒྲོག་ཐག་ཀྱང་རེད། ངོགས་གཉིས་ཀྱི་སྤུན་ཟླས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་རང་རང་སོ་སོའི་ཁྱད་ཡོན་འདོན་སྤེལ་བྱས་ནས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས་སེམས་ཁམས་གཅིག་མཐུན་མངོན་འགྱུར་ཡོང་བ་བྱེད་དགོས་། ངོགས་གཉིས་ཀྱི་ཕྱོགས་གཉིས་པོས་མུ་མཐུད་ཆ་རྐྱེན་བསྐྲུན་ནས་སྤུན་ཟླའི་ཐད་ཀའི་འགྲོ་འོང་རྒྱ་ཆེ་རུ་གཏོང་དགོས། ང་ཚོས་ངོགས་གཉིས་ཀྱི་སྤུན་ཟླའི་འགྲོ་འོང་ལ་སྔར་བས་སྟབས་བདེ་ཡོང་རྒྱུར་བྱ་ཐབས་འོས་འཚམ་ངང་སྤྱོད་རྒྱུ་ཡིན།
         བཞི་པ་། གོ་གུང་ཏང་གཉིས་དང་ངོགས་གཉིས་ཀྱི་ཕྱོགས་གཉིས་པོས་ཁྱོན་ཡོངས་ལ་དམིགས་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་བཅངས་ཏེ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་། མཐུན་པ་གཅིག་བསྡུ་དང་མི་མཐུན་སེལ་རྒྱུར་དེ་བས་འབད་བརྩོན་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱབྱྱེབྱྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ངོགས་གཉིས་བར་ཡུན་རིང་གནས་པའི་ཆབ་སྲིད་ཀྱི་མི་མཐུན་ས་དང་དཀའ་གནད་ཐད་གོ་གུང་ཏང་གཉིས་ཀྱིས་ཁ་ཕྱོགས་ཕོད་པ་བྱས་ནས་ཏང་ངོགས་གཉིས་ཀྱི་སྤུན་ཟླའི་བློ་གྲོས་གཅིག་སྡུད་དང་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་གཅིག་གི་རྩ་དོན་འོག་འདྲ་མཉམ་གྲོས་མོལ་བྱས་ནས་ཚུལ་མཐུན་ལུགས་མཐུན་གྱི་བཀོད་སྒྲིག་བྱེད་དགོས།
         ལྔ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཚང་མས་མཉམ་དུ་སྒྲུབ་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་དང་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བ་མཐུན་སྒྲིལ་བྱས་ཏེ་བསམ་བློ་གཅིག་ཏུ་གཏོང་བ་དང་། ནུས་པ་གཅིག་ཏུ་སྒྲིམ་ཚེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་ངེས་ཡིན།
         ཀྲུའུ་ལི་ལུན་གྱིས་1992ལོར་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་དང་མཚོ་འགག་སྤེལ་རེས་ཐེབས་རྩ་ཚོགས་པ་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ངོགས་གཉིས་པོ་ཀྲུང་གོ་གཅིག་ལ་གཏོགས་པའི“ དགུ་གཉིས་ལོའི་ཐུན་མོང་ངོས་འཛིན་”བྱུང་ཡོད། རྨང་གཞི་དེའི་སྟེང་ཕྱོགས་གཉིས་པོས་གྲོས་མོལ་ཐེངས་མང་བྱས་ཏེ་ངོགས་གཉིས་ཀྱི་ཁ་གཏད་དང་རྩོད་རྙོག་དེ་མཉམ་ལས་སྤེལ་རེས་སུ་གྱུར་ཡོད། 2005 ལོའི་རྗེས་སུ་གོ་མིན་ཏང་གིས“དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”དེ་ཏང་གི་རྩ་འཛིན་ནང་བཅུག་ཡོད། ངོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་གླེང་སྟེགས་ཆགས་པའི་གྲོས་འགོ་ཡང་རིམ་བཞིན་སྤེལ་རེས་མཉམ་ལས་ནང་དོན་འཁྱོལ་བྱེད་བཞིན་ཡོད། མཚོ་འགག་ངོགས་གཉིས་ནི་ཀྲུང་ཧྭ་མི་རིགས་དང་ལས་དབང་གཅིག་མཐུན་འདུས་གྲུབ་རེད་། ངོགས་གཉིས་ཀྱི་ཞི་བདེའི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་མང་པོ་ཞིག་ཐོབ་པ་དང“ དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག་ས་ཁོངས་ཀྱི་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོང་། དཔལ་འབྱོར་བསྡུ་སྒྲིལ་སོགས་ཐད་ངོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་གཞི་རིམ་དམངས་ཚོགས་དང་། ཁེ་ལས་འབྲིང་ཆུང་། གཞོན་ནུ་ཁྱུ་ཚོགས་བཅས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།