མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུཞ་ན་ཀྲའར་པ་ཡེ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་10ཉིན། 08:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུཞ་ན་ཀྲའར་པ་ཡེ་ཕུའུ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་དང་གྲོས་མོལ་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ན་ཀྲའར་པ་ཡེ་ཕུའུ་སླར་ཡང་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཞིང་། ཁོང་གིས་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཐད་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་ཐད་ཕན་ཚུན་མཉམ་ལས་བྱ་རྒྱུ་ཁྱོན་ཡོངས་ནས་ཟབ་ཏུ་གཏོང་རྒྱུ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐོག་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་གྲུབ་འབྲས་དངོས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་2013ལོའི་ཟླ་དགུ་པར་ངས་ཧ་སག་སི་ཐན་ལ་འཚམས་འདྲི་ཞུ་སྐབས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་ཡིན། ལོ་གཅིག་ལྷག་ཙམ་རིང་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ཐུན་མོང་ཐོག་བསྐྲུན་རྒྱུའི་ཐད་ཐོག་མའི་གྲུབ་འབྲས་ཐོབ་པས་ཀྲུང་གོ་ཕྱོགས་ཀྱིས་དེར་ཚད་མཐོའི་གདེང་འཇོག་ཞུ་རྒྱུ་ཡིན། ང་ཚོས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་དེ་ཧ་སག་སི་ཐན་ཕྱོགས་ཀྱི“འོད་ཟེར་ལམ་བུའི”དཔལ་འབྱོར་གསར་པའི་སྲིད་ཇུས་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་གྲ་རྒྱས་ཡོང་བ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ཚུན་མཐུད་སྦྲེལ་གྱི་མཉམ་ལས་རྣམ་གྲངས་ཆེ་གྲས་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ནུས་རྒྱུ་དང་དངུལ་རྩའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་བདེ་འཇགས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱིས་2017ལོར་གཉེར་རྒྱུའི་འཛམ་གླིང་དངོས་མང་སྟོན་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ན་ཀྲའར་པ་ཡེ་ཕུའུ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་ཧ་སག་སི་ཐན་ལ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་ཞིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2013ལོའི་ཟླ་དགུ་པར་ཧ་སག་སི་ཐན་དུ་འཚམས་འདྲི་གནང་ཚུན་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དེ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་ཐུབ་རྒྱུ་རེད།ཧ་སག་སི་ཐན་གྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཧ་སག་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མཉམ་ལས་ཁག་ཟབ་ཏུ་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཨེ་ཤེ་ཡའི་དབུས་རྒྱུད་ས་ཁུལ་གྱི་དུས་བབ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་གནང་བ་རེད།
         གྲོས་མོལ་མ་གནང་གོང་། ན་ཀྲའར་པ་ཡེ་ཕུའུ་ཡིས་ཙུང་ཐུང་ལས་་ཤག་ཏུ་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་པ་དང་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ན་ཀྲའར་པ་ཡེ་ཕུའི་ཕེབས་རོགས་འོག་ཞིས་ཅིན་ཕིང་གིས་དམག་གསུམ་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་རེད།
         ཝང་ཧུའུ་ཉིང་དང་། ཧྥན་ཁྲང་ལུང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།