མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། ཕུའུ་ཅིང་གིས་ཞིས་ཅིན་ཕིང་གདན་ཞུས་ལྟར་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་པ་དང་སྦྲགས་ཨུ་རུ་སུར་འཚམས་འདྲིའང་གནང་བར་སྤྲོ་སེམས་འཁོལ་བའི་སྒོ་ནས་དགའ་བསུ་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཕུའུ་ཅིང་ཕྱོགས་ནས་གདན་ཞུ་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྤྲོ་སེམས་འཁོལ་ལ་མཛའ་གྲོགས་ལྡན་པའི་རྣམ་པའི་འོག་ཀྲུང་ཨུའི་འབྲེལ་བ་དང་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་། ཀྲུང་ཨུ་ཕྱོགས་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱས་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གཏོད་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་རྒྱུ་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         ཞིས་ཅིན་ཕིང་གིས་མོ་སི་ཁོར་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་ཨུ་རུ་སུ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དམག་ས་གཙོ་བོ་ཡིན་པས་ཚང་མས་འཛམ་གླིང་དམག་ཆེན་གཉིས་པར་མཐའ་མའི་རྒྱལ་ཁ་ཐོབ་ཆེད་རང་སྲོག་བློས་གཏོང་ཚད་མེད་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཚོས་ཀྱང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་རྩོད་བྱེད་རིང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བཏོད་ཡོད། འདི་ལོ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སོ་སོར་སྤེལ་བའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་རྒྱུ་དེ་ཡིན་པ་ཙམ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཐོབ་པར་དཀའ་བའི་ཞི་བདེར་གཅེས་སྤྲས་དང་སྲུང་སྐྱོབ་བྱས་ཏེ་མི་རིགས་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་དེ་བས་ཀྱང་ཡིན་ཞེས་གསུངས་པ་རེད།
         ཕུའུ་ཅིང་གིས་ཨུ་ཀྲུང་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཨུ་ཀྲུང་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ངོ་མ་ཡིན་པས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་ཚང་མར་ཕན་འབྲས་གང་ལེགས་ཐོན་པའི་སྤེལ་རེས་དང་མཉམ་ལས་བྱས་ཡོད་ཅེས་གསུངས་པ་རེད།
         ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ལ་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གདེང་འཇོག་གནང་བར་རྦད་དེ་མོས་མཐུན་ཡོད། འདི་ལོ་རྒྱལ་ཁབ་གཉིས་པོས་རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་སྤེལ་ནས་ལོ་རྒྱུས་ཁས་མི་ལེན་པ་དང་འཁྱོག་བཤད་བྱེད་པའི་ལྐོག་གཤོམ་གྱི་རིགས་མཐའ་དག་ལ་ངོ་རྒོལ་དང་། ཧྥ་ཤི་སི་དང་དམག་རྒྱལ་རིང་ལུགས་པ་མཛེས་བཟོ་བྱེད་པ་དང་བཅིངས་འགྲོལ་བར་མཚན་ཤས་བཟོ་བའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲུང་ཨུའི་དམ་པ་དོན་གཉེར་གྱི་མཉམ་ལས་སྐོར་ལ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་ཕྱོགས་ཀྱི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གཏོད་རྒྱུ་དེ་ཨུ་རུ་སུ་ཕྱོགས་ཀྱི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་རྒྱུ་དང་འབྲེལ་མཐུད་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་དང་མཐོང་རྒྱ་དེ་བས་ཆེ་བའི་ཐོག་ནས་ཕྱོགས་གཉིས་པོའི་དམ་པ་དོན་གཉེར་གྱི་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སྒོ་མོ་དབྱེ་རྒྱ་ཆེ་རུ་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དར་རྒྱས་ཡོང་རྒྱུར་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་བ། ཡོ་རོབ་དང་ཨེ་ཤེ་ཡའི་ཐུན་མོང་དཔལ་འབྱོར་བར་མཐོངས་རྒྱ་ཆེར་གཏོང་བ། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོ་ཧྲིལ་པོའི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྣེ་ཁྲིད་བཅས་བྱ་རྒྱུའི་གྲོས་ཐག་བཅད་གནང་བ་རེད།
         གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་གཉིས་ཕན་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས》དང《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གཏོད་རྒྱུ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་རྒྱུའི་འབྲེལ་མཐུད་མཉམ་ལས་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ་དང་ཆབས་ཅིག་ཁྱབ་བསྒྲགས་ཀྱང་གནང་བ་མ་ཟད། ནུས་རྒྱུ་དང་། འགྲིམ་འགྲུལ། མཁའ་འགྲུལ། དངུལ་རྩ། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཁག་ལ་མཚན་རྟགས་བཀོད་པར་དཔང་པོའང་གནང་བ་རེད།
         མཚན་རྟགས་བཀོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
         ཉིན་དེར་ཞིས་ཅིན་ཕིང་གིས་ད་དུང་ཨུ་རུ་སུའི་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་པའི་ཆོས་དཔོན་ཅི་ལིའར་དང་མཛའ་བརྩེའི་ངང་གླེང་མོལ་གནང་བ་རེད།
         ཝང་ཧུའུ་ཉིང་དང་། ཧྥན་ཁྲང་ལུང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་གྱི་བྱེད་སྒོར་སོ་སོར་ཞུགས་ཡོད།