མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་14ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དུ་རྟོག་ཞིབ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡི་ཕེབས་རོགས་འོག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མེན་སི་ཁེར་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དུ་རྟོག་ཞིབ་གནང་བ་རེད།
         ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་བཟོ་ལས་གླིང་དུ་འབྱོར་སྐབས་ལུའུ་ཁ་ཧྲེན་ཁོའོ་སྐུ་ངོ་མས་རླངས་འཁོར་མདུན་དུ་ཕེབས་བསུ་ཞུས་ཤིང་། ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ལུའུ་ཁ་ཧྲེན་ཁོའོ་དང་མཉམ་དུ་བཟོ་ལས་གླིང་གི་བྱེ་གཞོང་ལ་གཟིགས་སྐོར་གནང་བ་དང་འབྲེལ་གླིང་དེའི་འགན་ཁུར་མི་སྣའི་ངོ་སྤྲོད་ནན་ཏན་ངང་གསན་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མཉམ་ལས་དང་གླིང་དེའི་ཁེ་ལས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། བཟོ་ལས་གླིང་དུ་ད་དུང་བྷེ་ཨུ་རུ་སུའི་བྱིས་པས་བྲིས་པའི་བཟོ་ལས་གླིང་གི་རི་མོ་འགྲེམས་སྟོན་བྱས་ཡོད། བྷེ་ཨུ་རུ་སུའི་བྱིས་པ་ཞིག་གིས་ཞིས་ཅིན་ཕིང་ལ་ལག་བྲིས་རི་མོ་ཞིག་ཕུལ་བ་དེས་བྱིས་པ་ཚོས་བཟོ་ལས་གླིང་ལ་བཅངས་པའི་འདུན་པ་མཚོན་ཡོད།
        ཞིས་ཅིན་ཕིང་དང་ལུའུ་ཁ་ཧྲེན་ཁོའོ་ཡིས་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱིས་གླིང་ནང་ཞུགས་མཁན་ཁེ་ལས་ཁག་དང་པོར་ལག་ཁྱེར་སྤྲད་པ་དང་གླིང་ནང་ཞུགས་འདོད་ཡོད་པའི་ཁེ་ལས་ཀྱིས་དོ་དམ་ཨུ་ལྷན་ལ་གླིང་ནང་ཞུགས་རྒྱུའི་གྲོས་མཐུན་སྤྲོད་པའི་མཛད་སྒོར་དཔང་པོ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་བཟོ་ལས་གླིང་གི་འཕེལ་རྒྱས་འཆར་འགོད་ཐོག་མཚན་རྟགས་བཀོད་གནང་བ་རེད།
        ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
         ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དེ་མེན་སི་ཁེའི་གནམ་ཐང་འགྲམ་དུ་བཙུགས་པ་དང་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་91.5ཡོད་པ་དེ་ནི་བྷེ་ཨུ་རུ་སུའི་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་ཆེ་ཤོས་དེ་ཡིན་ལ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་དབར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་རྣམ་གྲངས་ཆེ་ཤོས་དེ་ཡང་ཡིན་པ་རེད།