མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཤིས་ཨན་དུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཙུང་ལི་མོ་ཏི་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ན་ནིང་ངས་རྒྱ་གར་དུ་འཚམས་འདྲི་བྱེད་རིང་ང་ཚོས་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བ་དང་དེ་བས་ཟབ་པའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཏན་ཏིག་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་འབྲེལ་གཏུག་དང་འགྲོ་འོང་རྒྱུན་འཁྱོངས་བྱུང་བ། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱ་ཆེ་རུ་གཏོང་བ། འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་འབྲེལ་བ་ཡག་པོ་བྱེད་པ་བཅས་བྱས་ཡོད། སྐུ་ཉིད་ཀྱིས་ད་ཐེངས་འཚམས་འདྲི་གནང་བ་བརྒྱུད་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཙུང་ལི་མོ་ཏི་ཡིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ“ཐོ་གང”ནས“དཔག་ཚད”བར་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་མྱོང་ཡོད། མིག་སྔར་ཀྲུང་གོ་དང་རྒྱ་གར་གཉིས་ཀར་མི་རིགས་བསྐྱར་དར་མངོན་འགྱུར་གྱི་ལོ་རྒྱུས་གོ་སྐབས་འཕྲད་པ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་མཆོང་སྐྱོད་ཡོང་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་དང་དངོས་ཡོད་ཀྱི་ཆ་རྐྱེན་ཡོད། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་རང་ངོས་ནས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་དགོས་མཁོ་དང་བསྟུན་ནས་དེ་བས་ཟབ་པའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
         དེའི་ཐད་ཞིས་ཅིན་ཕིང་གིས་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱས་ཐོག་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་འཐབ་ཇུས་རོགས་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་སོགས་ཀྱི་མཉམ་ལས་ཀྱི་གྲོས་འགོ་དང་དེ་བཞིན་ཙུང་ལི་མོ་ཏི་ཡིས་བཏོན་པའི“ཤར་ལ་ཕྱོགས་པའི་བྱ་སྤྱོད”ཀྱི་སྲིད་ཇུས་ཐད་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ཕན་གྱི་འབྲེལ་གཞི་འཚོལ་མཁས་པོ་བྱེད་པ། འབྲེལ་མཐུད་ཡོང་བ་བྱེད་པ། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བཅས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་རང་ངོས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དེ་བས་འབྲེལ་མཐུད་དམ་ཟབ་ཡོང་བ་བྱས་ཏེ་དཔལ་འབྱོར་སྒྲིག་གཞི་ཆེན་པོ་གཉིས་ཆུ་ཚད་དེ་བས་མཐོ་བའི་སྟེང་ཕན་ཚུན་གསབ་རེས་དང་ཕན་ཚུན་རོགས་རེས་བྱེད་པ་དང་། ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕར་བའི“སྒུལ་ཤུགས་གཉིས”ལ་མུ་མཐུད་འགྱུར་བ་བྱེད་པ། ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། ལྕགས་ལམ་དང་ཐོན་ལས་གླིང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་མི་ཤུགས་ཐོན་ཁུངས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བའི་ཐད་གྲོས་བསྡུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་རྒྱ་གར་ལ་མ་འཇོག་བྱ་རྒྱུར་ལྕག་སྐུལ་བྱེད་པ་དང་རྒྱ་གར་ཕྱོགས་ཀྱིས་དེའི་ཐད་སྟབས་བདེ་སྐྲུན་རྒྱུའི་རེ་བ་ཡོད། གསུམ་ནས་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་མི་མཐུན་ས་དང་གནད་དོན་ལ་དོ་དམ་ཚོད་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ལ་འགལ་རྐྱེན་མི་འཕྲད་པ་བྱེད་དགོས་པ། བཞི་ནས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་འགྲོ་འོང་ལ་ཤུགས་སྣོན་དང་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་ལྕག་སྐུལ་བྱས་ཐོག་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་སྤེལ་རེས་འཆར་གཞི་དང་རྒྱ་གར་གྱི་ཡུལ་སྐོར་ལོའི་བྱེད་སྒོ་ལག་བསྟར་ཡག་པོ་བྱེད་པ་དང་། ཇུས་འདོན་ཚོགས་པ་དང་། སྨྱན་སྦྱོར། གཞོན་ནུ་བཅས་ཀྱི་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ས་གནས་ཀྱི་མཛའ་གྲོགས་འགྲོ་འོང་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དང་རིམ་པ་མང་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་ལས་ཀྱི་རྣམ་པ་ཆེན་པོ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་མཛའ་གྲོགས་དང་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ལ་འགྱུར་བ་བྱེད་དགོས་པ་བཅས་རེད།
         མོ་ཏི་ཡིས་ན་ནིང་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱ་གར་དང་ལྷག་པར་དུ་ངའི་ཕ་ཡུལ་ཀུའུ་ཅི་ལ་ཐེ་མངའ་སྡེར་འཚམས་འདྲི་གནང་རིང་སྣེ་ལེན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་རིང་རྒྱ་གར་དང་ལོ་རྒྱུས་ཡུན་རིང་གི་འབྲེལ་བ་ལྡན་པའི་ཀྲུང་གོའི་གནའ་གྲོང་ཤིས་ཨན་དུ་ཁ་ཆད་བྱས་པ་བཞིན་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་རླབས་ཆེན་གྱི་ཁྱིམ་མཚེས་ཤིག་ལ་བརྩིས་ནས་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། འབྲེལ་ཡོད་ཀྱི་མི་མཐུན་པའི་ཆར་ཐག་གཅོད་འོས་འཚམ་བྱེད་པ་བཅས་ལ་གཞོལ་བཞིན་ཡོད། རྒྱ་གར་དང་ཀྲུང་གོའི་འབྲེལ་བར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ང་ཚོས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་གོང་མཐོར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         མོ་ཏི་ཡིས་རྒྱ་གར་གྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ས་ཁུལ་དེ་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱ་གར་གྱིས་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་བ་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་དྲང་བདེན་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དང་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་རྒྱ་གར་ཚུད་པའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དེ་རང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        མོ་ཏི་ཡིས་རྒྱ་གར་དང་ཀྲུང་གོ་གཉིས་ཀས་ཨེ་ཤེ་ཡ་ལྷོ་མའི་འབྲེལ་ཡོད་རྒྱལ་ཁབ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དང་། རྒྱ་གར་ཕྱོགས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་སྦྲེལ་མཐུད་ཤར་གཏོང་འཛུགས་པར་དེ་མཚུངས་ཀྱི་མཐོང་ཆེན་བྱེད་ཀྱི་ཡོད་ལ་དེས་ས་ཁུལ་དེ་རང་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་ཐུབ་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་དེའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་མཇལ་འཛོམས་ལ་ཞུགས་པ་རེད།

༄༅།།ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།