མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཕྱོགས་སྡོམ་གཟེངས་
བསྟོད་ཚོགས་ཆེན་གྱི་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་
དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་21ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་པེ་ཅིང་དུ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ་དང་ཆབས་ཅིག་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚན་པ་དང་མི་སྒེར་མིག་དཔེར་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་གྱིས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་10པར་ཞིས་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་ནས་འཐུས་མི་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
     ཞིས་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དམིགས་བསལ་སྟོབས་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོང་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རིམ་ཁག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལག་ལེན་གྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་བྱེད་ཉེན་རྟོག་པ་ནི་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་ལྷག་བསམ་རྣམ་པར་དག་པའི་སྲུང་དམག་ངོ་གནོང་མི་དགོས་པ་ཞིག་དང་ལེགས་སྐྱེས་འབུལ་རྒྱུར་སྤྲོ་བའི་གྲགས་མེད་དཔའ་བོ་ངོ་གནོང་མི་དགོས་པ་ཞིག་ཡིན་པའི་ར་འཕྲོད་བྱུང་བས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་མིག་སྔར་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཏེ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་འཕྲད་ཁར་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་སོང་བས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྗིད་རྫོབ་ཆེ་ཞིང་དཀའ་ཚེགས་ཧ་ཅང་ཆེ་བར་གྱུར་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རང་རེའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་སྔོན་འགོག་དང་། བཀག་འགོག རྡུང་རྡེག་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་དོན་ལ་མཐོང་ཆེན་དང་། བསམ་ཤེས། རྒྱབ་སྐྱོར་བཅས་བྱས་ནས་ཕྱར་བ་གྲུ་འདེགས་ངང་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་ནི་ཏང་དང་མི་དམངས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་བཏོན་པའི་ཐོག་མཐའ་བར་གསུམ་གྱི་བླང་བྱ་ཞིག་ཡིན་པས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཉམས་མྱོང་ཕྱོགས་སྡོམ་དང་དོ་དམ་ནན་པོ་བྱས་ནས་བློ་བརྟན་སྤྱོད་གཙང་དང་། ཏང་བློ་བདེ་པོ་ཡོང་བ། ལེགས་སྐྱེས་འབུལ་ནུས་པ། འབད་འཐབ་ཀྱིས་རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་གཅིག་གཏོད་དགོས་ཞེས་གསུངས་པ་རེད།