མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་པར་ཙིར་དུ་ཀྲུང་གོས་ཐོན་སྐྱེད་བྱས་པའི་ས་འོག་ལྕགས་ལམ་མེ་འཁོར་ལ་
གཟིགས་སྐོར་དང་མྱོང་རོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་23ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་པར་ཙིར་དུ་ཀྲུང་གོས་ཐོན་སྐྱེད་བྱས་པའི་ས་འོག་ལྕགས་ལམ་མེ་འཁོར་ལ་
གཟིགས་སྐོར་དང་མྱོང་རོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་ཀྲུང་གོས་ཐོན་སྐྱེད་བྱས་པའི་ས་འོག་ལྕགས་ལམ་མེ་འཁོར་ལ་གཟིགས་སྐོར་དང་མྱོང་རོལ་གནང་བ་རེད།
         ལི་གཡོད་དུ་ཞོགས་པའི་ཉི་གཞོན་རབ་ཏུ་འཚེར་ཞིང་། ས་འོག་ལྕགས་ལམ་འགྲིམ་འགྲུལ་དེ་མི་འབོར་ཁྲི་650ཡོད་པའི་ལི་གཡོད་ཀྱི་ངོས་ནས་བརྗོད་ན་དེའི་གལ་ཆེའི་རང་བཞིན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
         ལི་གཡོད་ཀྲོའུ་ཡི་ཀྲོའུ་ཀྲང་ཧྥེ་ཙང་གིས་ས་འོག་ལྕགས་ལམ་ཀུང་སིའི་རྒྱལ་སྒོའི་འགྲམ་དུ་ལི་ཁེ་ཆང་ལ་བསུ་བ་ཞུས་པ་མ་ཟད། གཟིགས་སྐོར་ལ་ཕེབས་རོགས་ཞུས་པ་རེད།
         ལི་གཡོད་ས་འོག་ལྕགས་ལམ་ཀུང་སིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་མེ་འཁོར་གྱི་མགོ་འབོར་ཆེན་ཞིག་ནང་འདྲེན་བྱས་ཤིང་། ལི་ཁེ་ཆང་གིས་ནན་ཏན་ངང་ངོ་སྤྲོད་གསན་པ་དང་ལམ་བར་གྱི་འགྲེམས་པང་མདུན་དུ་ཕེབས་མཚམས་བཞག་ནས་གཟིགས་པ་མ་ཟད། ལག་རྩལ་གྱི་ཞིབ་ཕྲའི་གནས་ཚུལ་ཐད་ཀྲུང་གོ་དང་པར་ཙིར་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གནང་བ་རེད།
         ཀྲུང་གོའི་ཁེ་ལས་ཀྱིས་ལི་གཡོད་ཀྱི་ས་འོག་ལྕགས་ལམ་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་མེ་འཁོར་གྱི་མགོ་རབས་གསར་པ་དེའི་བཟོ་དབྱིབས་མཛེས་པ་དང་། བརྟན་ལ་སྐྱིད་སྣང་དོད་པ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ས་གནས་དེའི་གནམ་གཤིས་ཆ་རྐྱེན་ལ་དམིགས་ནས་གྲང་བཟོའི་དྲོད་ཚད་སྙོམས་སྒྲིག་འཕྲུལ་ཙུའུ་སྤྱད་པ་དང་། ཕྱི་ལོ་ལི་གཡོད་དུ་གཉེར་རྒྱུའི་ཨོ་རྩལ་འགྲན་ཚོགས་སྐབས་ཀྲུང་གོས་ཐོན་སྐྱེད་བྱས་པའི་མེ་འཁོར་དང་ལྕགས་ལམ་ཆུང་རིགས་སོགས་རྒྱ་ཁྱབ་ངང་སྤྱོད་རྒྱུ་ཡིན་པ་མཁྱེན་རྗེས་ལི་ཁེ་ཆང་གིས་དེ་ནི་ཀྲུང་གོའི་སྒྲིག་ཆས་བཟོ་སྐྲུན་ལ་ཞིབ་དཔྱད་བྱས་པ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་སྤུས་འབོར་གཉིས་ལྡན་ངང་མཉམ་ལས་རྣམ་གྲངས་ལེགས་གྲུབ་དང་མེ་འཁོར་དུས་ཐོག་ཏུ་རྩིས་སྤྲད་ནས་གཉེར་སྐྱོང་བྱ་རྒྱུ་འགན་ལེན་བྱས་ཐོག་པར་ཙིར་གྱི་ཁྲོམ་རར་མཁོ་བའི་འཁོར་རིགས་སྒྲིག་ཆས་མུ་མཐུད་གསར་སྤེལ་དང་ཐོན་སྐྱེད་བྱས་ཏེ་ཀྲུང་གོ་དང་པར་ཙིར་ཐོན་ནུས་མཉམ་ལས་ཀྱི་དཔེ་དམག་ཅིག་བྱེད་དགོས་པ་དང་ཆབས་ཅིག་ཀྲུང་གོའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་དེ་བས་མང་བ་ཕྱིར་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཏེ་ཛ་དྲག་གི་རྒྱལ་སྤྱིའི་འགྲན་རྩོད་ནང་ཀྲུང་གོའི་སྒྲིག་ཆས་བཟོ་སྐྲུན་གྱི་ནམ་ཡང་མི་ཉམས་པ་དང་འོད་མདངས་རབ་ཏུ་འཚེར་བའི་གསེར་གྱི་མིང་བྱང་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
         དེ་རྗེས་ལི་ཁེ་ཆང་ས་འོག་ལྕགས་ལམ་མེ་འཁོར་དུ་ཕེབས་ནས་མེ་འཁོར་གཏོང་འགོ་ཚུགས་པ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། བརྟན་པོའི་ངང་སྐྱོད་པ། མྱུར་ཚད་འགོར་དུ་བཏང་ནས་བབས་ཚུགས་སུ་སྐྱོད་པ་བཅས་ཀྱི་བརྒྱུད་རིམ་ཆ་ཚང་ལ་ཉམས་ལེན་གནང་བ་མ་ཟད། ཆེད་མངགས་ཁ་ལོ་སྒྱུར་ཁང་དུ་ཕེབས་ནས་ཁ་ལོ་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། པར་ཙིར་ཕྱོགས་ཀྱི་མེ་འཁོར་ཁ་ལོ་བས་སྤྲོ་སྣང་ལྡན་པའི་ངང་ཀྲུང་གོའི་ཙུང་ལིར་རང་ཉིད་ཀྱིས་བཏང་བའི་ཀྲུང་གོའི་ས་འོག་ལྕགས་ལམ་མེ་འཁོར་དེ་འགྲུལ་པ་ཤོང་ཚད་ཆེ་བ་དང་། ལག་རྩལ་བྱང་ཆུབ་པ། འགྲོ་འོང་བྱེད་སྐབས་བརྟན་པ་བཅས་ཡོད་པས་ལི་གཡོད་ཀྱི་གྲོང་མིས་རྒྱ་ཁྱབ་ངང་བསྔགས་བརྗོད་བྱེད་ཀྱི་འདུག་ཅེས་བརྗོད་པ་རེད།
         ཀྲོའུ་ཀྲང་ཧྥེ་ཙང་དང་གྲོས་མོལ་གནང་སྐབས་ལི་ཁེ་ཆང་གིས་ཀྲུང་གོ་དང་པར་ཙིར་དབར་གྱི་ས་འོག་ལྕགས་ལམ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ལས་ལྕགས་ལམ་འགྲིམ་འགྲུལ་ཁྱབ་ཁོངས་སུ་ཀྲུང་གོར་བྱང་ཆུབ་པའི་ལག་རྩལ་ཉམས་མྱོང་དང་སྒྲིག་ཆས་བཟོ་སྐྲུན་ནུས་པ་ཆེན་པོ་ཡོད་ཁར་སྤུས་གོང་བསྡུར་ཚད་མཐོ་པོ་ཡོད་པས་ཁྲོམ་ར་མི་འདྲ་བའི་དགོས་མཁོ་དང་འཚམ་ཐུབ་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་བཟོ་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་པར་ཙིར་གཉིས་ཕན་མཉམ་ལས་ཆེད་དེ་བས་ཆེ་བའི་བར་མཐོངས་གསར་འབྱེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ལི་གཡོད་རེ་ནེ་ལུའུ་ཡིས་ཀྲུང་གོ་ནས་ས་འོག་ལྕགས་ལམ་དང་གྲོང་ཁྱེར་ལྕགས་ལམ་གྱི་མེ་འཁོར་604མངགས་ཉོ་བྱས་ཤིང་། ཉེ་དུས་ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་ལ་རྩིས་སྤྲད་པའི་ས་འོག་ལྕགས་ལམ་མེ་འཁོར་90དེ་དག་ཨོ་རྩལ་འགྲན་ཚོགས་ཀྱི་ཆེད་སྤྱོད་ལྕགས་ལམ་ལ་སྤྱོད་རྒྱུ་ཡིན་པ་རེད།