མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རྒྱལ་སྤྱིའི་སློབ་གསོ་ཆ་འཕྲིན་ཅན་གྱི་ཚོགས་ཆེན་
འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་རྒྱལ་སྤྱིའི་སློབ་གསོ་ཆ་འཕྲིན་ཅན་གྱི་ཚོགས་ཆེན་ཧྲན་ཏུང་ཆིང་ཏའོ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ལ་བསྟུན་པ་དང་སློབ་གསོའི་འཕོ་འགྱུར་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་དྲ་རྒྱ་ཅན་དང་། གྲངས་གཞི་ཅན། རང་གཤིས་ཅན། ཚེ་གང་ཅན་བཅས་ཀྱི་སློབ་གསོའི་མ་ལག་གཏོད་པ་དང“མི་ཚང་མས་སྦྱོང་བ་དང་། གང་ས་ནས་སྦྱོང་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་སྦྱོང་ཆོག་པ”བཅས་ཀྱི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་ནས་གསར་གཏོད་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ནི་མིའི་རིགས་ཐུན་མོང་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཚོགས་འདུར་ཞུགས་མཁན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་པོ་ཁོའོ་ཝ་དང་། རྒྱལ་ཁབ་ཁག་གི་སློབ་གསོའི་དཔོན་རིགས། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་དང་དེ་བཞིན་ཁེ་ལས་ལས་རིགས་ཀྱི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་དང་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་དེང་གི་འཛམ་གླིང་དུ་ཚན་རྩལ་ཡར་ཐོན་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་ནས་དྲ་སྦྲེལ་དང་། སྤྲིན་ཚོགས་རྩིས་རྒྱག གྲངས་གཞི་ཆེན་པོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་གྱིས་མིའི་རིཌ་ཀྱི་བསམ་བློ་དང་། ཐོན་སྐྱེད། འཚོ་བ། སློབ་སྦྱོང་བྱེད་ཐབས་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་མདུན་ལམ་གཏིང་ཟབ་མངོན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས་རྒྱུན་སྲིང་ལྷོད་མེད་ངང་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་ནས་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཆེ་རུ་ཧུར་ཐག་བཏང་ཡོད། ང་ཚོས་སློབ་གསོ་ཆ་འཕྲིན་ཅན་ལ་བརྟེན་ནས་ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་གཞིའི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་དང་སློབ་གསོའི་དྲང་སྙོམས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཕྲུ་གུ་དུང་ཕྱུར་མང་པོ་དགུང་སྔོན་གཅིག་གི་འོག་སྤུས་ལེགས་སློབ་གསོ་ལོངས་སྤྱོད་དང་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད། ཤིས་ཚིག་ཀྱང་གསུངས་ནས་ཡུལ་དུས་ཀྱི་ཚད་བཀག་མེད་པ་བཟོ་བ་དང་སློབ་གསོའི་དྲང་སྙོམས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་ནུས་པ་དང་གནས་བབ་ལ་དེ་བས་མཐོང་ཆེན་བྱས་ཏེ་ཆ་འཕྲིན་ལག་རྩལ་དང་སློབ་གསོ་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤུས་ལེགས་གྲངས་གཞིའི་སློབ་གསོའི་ཐོན་ཁུངས་གསར་སྤེལ་དང་མཉམ་གཏོད་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ད་ཐེངས་ཀྱི་ཚོགས་ཆེན་དེ་སློབ་གསོ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མཉམ་དུ་གཉེར་བ་དང་། དེའི་བརྗོད་བྱ་གཙོ་བོ་ནི“ཆ་འཕྲིན་ལག་རྩལ་དང་འབྱུང་འགྱུར་སློབ་གསོའི་འཕོ་འགྱུར”ཞེས་པ་དེ་ཡིན་ཞིང་། རྒྱལ་ཁབ་90ལྷག་ཙམ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས་བཅས་ནས་ཡོང་བའི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།