མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་མུ་འབྲེལ་
བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་26ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་མུ་འབྲེལ་
བྱེད་སྒོར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་23ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལི་མ་གནའ་རྫས་རྟོག་ཞིབ་དང་། མིའི་རིགས་ཀྱི་རིག་པ། ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་མུ་འབྲེལ་བྱེད་སྒོར་ཞུགས་པ་རེད།
          ཕེ་རུའི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཱ་ཐ་ལི་ཡ་ནུའོ་ཡི་ཕེབས་རོགས་འོག་ལི་ཁེ་ཆང་གིས་ཁྲ་ཝུན་གྱི་རིག་གནས་དང་དབྱིན་ཅའི་རིག་གནས་འགྲེམས་སྟོན་དང་“ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས”ཀྱི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་ཕེ་རུ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་ལོ་རྒྱུས་ཀྱི་འབྱུང་གཞི་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཕེ་རུ་ཕྱོགས་ལ་ཀྲུང་ཧྭའི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོ་སྤྲོད་ཀྱང་གནང་བ་རེད།
         གཟིགས་སྐོར་མཇུག་འགྲིལ་རྗེས་ལི་ཁེ་ཆང་དང་གཱ་ཐ་ལི་ཡ་ནུའོ་ཡིས་ཀྲུང་གོ་དང་ཕེ་རུའི་རིག་གནས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་མཉམ་འགུལ་སྤེལ་རེས་གནང་བ་དང་འབྲེལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤིས་ཚིག་ཀྱང་གསུངས་པ་རེད།
          ལི་ཁེ་ཆང་གིས་ཀྲུང་ཕེ་གཉིས་ནི་ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རྣམས་ཧང་སངས་དགོས་པའི་གནའ་བོའི་ཤེས་དཔལ་གསར་གཏོད་བྱས་ཡོད། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གནས་དང་གནའ་བོའི་འོད་མདངས་བཀྲ་བའི་ཁྲ་ཝུན་རིག་གནས་དང་དབྱིན་ཅའི་རིག་གནས་དབར་འདུ་ཤེས་འདྲ་བ་དང་ཡོ་བྱད་འདྲ་བ་མང་པོ་ཡོད། ཀྲུང་གོའི་ཁྲེ་དང་ཕེ་རུའི་ཞོག་ཁོག་སོགས་ཞིང་ནང་སྐྱེ་དངོས་རྒྱལ་ཁབ་སོ་སོ་དང་འཛམ་གླིང་གི་ས་ཆ་སོ་སོར་རྩ་བ་ཚུགས་ནས་འཛམ་གླིང་གི་མི་དམངས་གསོ་སྐྱོང་བྱེད་བཞིན་ཡོད་པས་ཀྲུང་ཕེ་ཞིང་ལས་ཤེས་དཔལ་ཆེན་པོ་གཉིས་ཀྱིས་མིའི་རིགས་ཧྲིལ་པོར་ལེགས་སྐྱེས་ཕུལ་ཡོད་པ་ཤོད་ཆོག་ཅེས་བསྟན་ཡོད།
         ལི་ཁེ་ཆང་གིས་ཀྲུང་ཕེ་གཉིས་ཀྱི་ཕན་ཚུན་ཤེས་དཔལ་གྲུབ་འབྲས་དང་གསར་གཏོད་ནུས་པར་ཡིད་སྨོན་གྱིས་ཁེངས་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཐད་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཡོད། ཀྲུང་ཕེའི་རིག་གནས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། ཕན་ཚུན་བསམ་བློ་སྤེལ་རེས་བྱས་པར་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོན་པ། ཕེ་རུའི་མི་དམངས་བདེ་སྐྱིད་ཁམས་བདེ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།
         གཱ་ཐ་ལི་ཡ་ནུའོ་ཡིས་ཕེ་ཀྲུང་དབར་ས་ཐག་རིང་པོ་ཡོད་ནའང་མཛའ་གྲོགས་ཀྱི་འགྲོ་འོང་ཟབ་ལ་ཡུན་རིང་ལྡན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་གཅིག་སེམས་གཅིག་བརྟེན་ཡིན། གནའ་སྔ་མོ་ནས་ཀྲུང་གོའི་གནས་སྤོ་ཡུལ་མི་ཕེ་རུར་བསྐྱོད་དེ་ཕྱོགས་ཡོངས་ནས་ཕེ་རུའི་རྒྱལ་ཁབ་འཛུགས་སྐྲུན་དང་ཕེ་རུའི་སྤྱི་ཚོགས་དང་རིག་གནས་ནང་གཏིང་ཟབ་ཞུགས་ཡོད། ཀྲུང་ཕེ་གཉིས་ཁྱིམ་མི་གཅིག་ལྟ་བུའི་བརྩེ་སེམས་ལྡན་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་སྤྱིར་བཏང་ཁྱབ་ཁོངས་ལས་བརྒལ་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པ་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
         ད་རེས་ཀྱི་ཀྲུང་ལའི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་མུ་འབྲེལ་བྱེད་སྒོ་དེ་ཀྲུང་ཕེའི་རིག་གནས་ཚན་པས་གཙོ་གཉེར་བྱས་པ་དང་རྒྱལ་ཁབ་གཉིས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་གྲགས་ཅན་མི་སྣ་དང་འཐུས་མི་བྱེད་སྒོའི་ནང་ཞུགས་ཡོད།

༄༅།།ལི་ཁེ་ཆང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་མུ་འབྲེལ་
བྱེད་སྒོར་ཞུགས་པ།