མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་རྨོ་ཞིང་གི་ཁ་གསབ་དོ་སྙོམས་ཡོང་བ་བྱས་ཏེ་
གྲོང་གསེབ་ཀྱི་ས་ཆ་ནང་བཤུག་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་
སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་རྨོ་ཞིང་ནི་རང་རྒྱལ་གྱི་རྩ་ཆེ་ཤོས་ཀྱི་ཐོན་ཁུངས་ཡིན། མི་མང་ལ་ས་ཞིང་ཉུང་བའི་རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་ཐོག་ནས་ང་ཚོས་ངེས་པར་དུ་མི་དུང་ཕྱུར་བཅུ་ཕྲག་གི་ལྟོ་ཆས་ཀྱི་དོན་ཆེན་དང་འབྲེལ་བ་ཡོད་པའི་རྨོ་ཞིང་སྲུང་སྐྱོང་ཡག་པོ་བྱེད་པའི་ལས་དོན་ལ་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། ཆེས་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་རྨོ་ཞིང་གི་ཁ་གསབ་དོ་སྙོམས་ཡོང་བ་དང་གྲོང་གསེབ་ཀྱི་ས་ཞིང་ནང་བཤུག་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དོམ་ཁྲར་སྲུང་སྐྱོང་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྨོ་ཞིང་གི་ཁ་གསབ་དོ་སྙོམས་ཡོང་བའི་སྲིད་ཇུས་ནི་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་གྱིས་རྨོ་ཞིང་བཟུང་ཚད་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པར་ཁ་གསབ་སྤྲོད་པའི་བྱེད་ཐབས་ཤིག་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་རུང་། ངེས་པར་དུ་རྨོ་ཞིང་སྲུང་སྐྱོང་གི་འདུ་ཤེས་དྲག་པོའི་ཐོག་ནས་ལས་དོན་དེ་སྒྲུབ་པ་དང་། ཁྲིམས་དང་སྒྲིག་སྲོལ་ལ་ནན་པོར་གཞིགས་ནས་སྤེལ་དགོས། དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ་དང་རྨོ་ཞིང་གི་ཁ་གསབ་དོ་སྙོམས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྨོ་ཞིང་གི་ཁ་གསབ་དོ་སྙོམས་སྤྲོད་པའི་ལས་དོན་ནང་ཁ་གསབ་ཀྱི་གྲངས་འབོར་གནད་ལ་མི་འཁེལ་བ་དང་ཁ་གསབ་ཀྱི་སྤུས་ཚད་གནད་ལ་མི་འཁེལ་བའི་གནད་དོན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ས་ཞིང་བཟུང་མང་ལ་ཁ་གསབ་སྤྲོད་ཉུང་བ་དང། ས་ཞིང་ལེགས་པོ་བཟུང་རུང་ཁ་གསབ་ཞན་ཙམ་སྤྲོད་པ། ཆུ་ཞིང་བཟུང་རུང་སྐམ་ཞིང་གི་ཁ་གསབ་སྤྲོད་པ་བཅས་ཀྱི་སྣང་ཚུལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ནང་འགག་སྒོ་ཡག་པོ་སྲུང་སྟེ་མི་ལ་ལས་སྒྱུར་བཅོས་ལ་ཁ་གཡར་ནས་ས་ཞིང་བཟུང་སྤྱོད་བྱེད་དུ་འཇུག་མི་རུང་། རྨོ་ཞིང་བཟུང་བའི་ཁ་གསབ་དོ་སྙོམས་དང་དེ་བཞིན་རྨོ་ཞིང་སྲུང་སྐྱོང་བྱེད་རིང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་ནུས་ལྡན་གྱི་ཁ་གཏད་འཇལ་ཐབས་འདོན་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ས་ཞིང་ནང་བཤུག་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ནི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་ལ་གྲོང་གསེབ་སྒྱུར་བཅོས་ཀྱི་གཞི་རྩའི་ཁ་ཕྱོགས་ཤིག་ཀྱང་ཡིན། ས་ཞིང་ནང་བཤུག་གི་ལག་ལེན་དངོས་ནང་ས་ཁུལ་ཁག་ལ་ངེས་པར་དུ་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་མཛད་ཕྱོགས་དང་སྲིད་ཇུས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྲིད་ཇུས་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་ལ་ཡུལ་བབ་དང་བསྟུན་པ་དང་གོམ་པ་རིམ་བགྲོད་ཀྱིས་ཡར་རྒྱས་ཡོང་བ་བྱས་ཏེ་མཆོང་སྐྱོད་ཆེ་མོ་དང་། བཙན་ཤེད་ངང་བཀའ་རྒྱ་གཏོང་བ། སྲིད་འཛིན་ཐོག་ནས་ཁུངས་ལུང་མེད་པར་བཀོད་པ་གཏོང་བ་བཅས་བྱེད་མི་རུང་བ་དང་ལྷག་པར་དུ་བཟོ་ཚོང་གི་མ་རྩ་ཁག་གཅིག་གྲོང་གསེབ་ཀྱི་ས་ཞིང་ནང་བཤུག་ནང་ཞུགས་རྗེས་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཐོན་སྐྱེད་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་བཀག་འགོག་བྱེད་དགོས། ས་ཞིང་འགན་གཙང་སྤྲོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྣང་ཆེན་དང་། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ། ལྟ་སྐུལ་དོ་དམ་དང་ཉེན་ཁར་དོགས་ཟོན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཤང་གྲོང་གྲོང་གསེབ་ཀྱི་གཉེར་སྐྱོང་དོ་དམ་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ས་ཞིང་ནང་བཤུག་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་པས་ཞིང་ལས་ཐོན་སྐྱེད་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཧུར་བརྩོན་རང་བཞིན་དངོས་འབྲེལ་འཕེལ་བ་བྱེད་དགོས་པའི་བླང་བྱ་འདོན་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ཀྱི་བླང་བྱར་གཞིགས་ཏེ་རྨོ་ཞིང་བཟུང་བའི་ཁ་གསབ་དོ་སྙོམས་ཀྱི་ཚད་ལྡན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། ལྷག་པའི་མངོན་གསལ་དོད་པའི་གནད་དོན་གང་མགྱོགས་བཅོས་སྒྲིག་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་རྨོ་ཞིང་སྲུང་སྐྱོང་གི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ། ས་ཞིང་སྤྱོད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་ས་ཞིང་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། ས་གནས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ས་ཞིང་ནང་བཤུག་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཚོལ་ཞིབ་དང་སྐུལ་འདེད་བཏང་ནས་རྣམ་པ་འདྲ་མིན་སྣ་ཚོགས་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། ཞིང་ལས་པུའུ་བཅས་ཀྱིས་ཉིན་ཤས་གོང་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་གོང་གསལ་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་ཐད་བླང་བྱ་ཞིབ་ཕྲ་བཏོན་པ་རེད།