མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་
ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་
བཀའ་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན་གྱི་ཆུ་ཚོད་19དང་སྐར་མ་55ཡི་ཐོག་ཧོ་ནན་ཕིང་ཏིང་ཧྲན་གྲོང་ཁྱེར་ལུའུ་ཧྲན་རྫོང་ཁང་ལེ་ཡོན་རྒན་རྒོན་ལས་ཤག་ཏུ་མེ་སྐྱོན་ཐོན་ནས་མི་38རྐྱེན་ལམ་དུ་ཤོར་བ་དང་མི་6ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ལས་འཛོལ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་ཧོ་ནན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཚན་ལ་ནུས་ཤུགས་ཡོད་རྒུས་རྨས་མ་སྲོག་སྐྱོབ་སྨན་བཅོས་བྱེད་དགོས་པ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས་པ། ནང་མིར་སེམས་གསོ་གཏོང་དགོས་པ་མ་ཟད་ལས་འཛོལ་ཐོན་རྐྱེན་རྩད་གཅོད་མཐའ་གསལ་བྱས་ནས་ལས་འཛོལ་གྱི་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་དགོས་པ་དང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བདེ་འཇགས་དོ་དམ་གྱི་ལས་དོན་དེར་དམ་འཛིན་ནན་པོ་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་ནས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་རྐྱེན་ངན་ཆུང་ཐོག་ནས་སེལ་ཏེ་བདེ་འཇགས་དོ་དམ་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་རྨས་མ་མྱུར་སྐྱོབ་ཧུར་ཐག་བྱེད་པ་དང་། མི་སྣ་འཆི་རྨས་བྱུང་བའི་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་བ་དང་རྗེས་འཇུག་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག ཕྱོགས་ཚང་མའི་ཐད་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱིས་དེ་དང་འདྲ་བའི་ལས་འཛོལ་སླར་ཡང་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
         ལས་འཛོལ་ཐོན་རྗེས་སྤྱི་བདེ་པུའུ་དང་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འཕྲལ་མར་ལས་དོན་ཚོགས་ཆུང་མངགས་ནས་ས་གནས་ས་ཐོག་ཏུ་ལས་དོན་ལ་མཛུབ་ཁྲིད་དང་བཀོད་སྒྲིག་བྱས་པ་རེད། ཧོ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་དེ་སྲོག་སྐྱོབ་སྨན་བཅོས་དང་རྗེས་འཇུག་ལས་དོན་འཕྲལ་མར་སྤེལ་བ་རེད། མིག་སྔར་རྗེས་འཇུག་བྱེད་བཞིན་ཡོད་པ་རེད།