མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲེ་ཅང་དུ་བརྟག་ཞིབ་གནང་སྐབས་ལས་དོན་ཏན་ཏིག་རྒྱུན་ཆད་མེད་པར་
སྒྲུབ་པ་དང་མདུན་དུ་བསྐྱོད་དེ་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཀྲེ་ཅང་དུ་བརྟག་ཞིབ་གནང་སྐབས་ལས་དོན་ཏན་ཏིག་རྒྱུན་ཆད་མེད་པར་
སྒྲུབ་པ་དང་མདུན་དུ་བསྐྱོད་དེ་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་ཀྲེ་ཅང་དུ་བརྟག་ཞིབ་གནང་སྐབས་ལས་དོན་ཏན་ཏིག་རྒྱུན་ཆད་མེད་པར་སྒྲུབ་པ་དང་མདུན་དུ་བསྐྱོད་དེ་ལེའུ་གསར་པ་རྩོམ་དགོས། ཏང་གི་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཕེལ་རིམ་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་བསྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་5ཚེས་25ནས་ཚེས་27ཉིན་བར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞ་པའོ་ལུང་དང་། ཧྲེང་ཀྲང་ལི་ཆང་གི་ཕེབས་རོགས་འོག་ཞིས་ཅིན་ཕིང་ཀྲོའུ་ཧྲན་དང་ཧང་ཀྲོའུ་རུ་ཕེབས་ཏེ་ཁེ་ལས་དང་། སྡེ་ཁུལ། རྒྱལ་ཁབ་འཐབ་ཇུས་རྡོ་སྣུམ་གསོག་འཇོག་རྟེན་གཞི་སོགས་སུ་བརྟག་ཞིབ་གནང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་གནང་བ་རེད།
         ཏིང་ཧའེ་ཆུས་ཀན་ལན་གྲོང་རྡལ་གྱི་གསར་འཛུགས་སྡེ་ཁུལ་གྱི་ཁོར་ཡུག་ལྟ་ན་སྡུག་པ་དང་བཀོད་པ་ཧ་ཅང་ལེགས་པོ་ཡོད། ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡོལ་ཙམ་ལ་ཞིས་ཅིན་ཕིང་གིས་འདི་གར་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཕེལ་རྒྱས་དང་སྡེ་ཁུལ་རིག་གནས་འཛུགས་སྐྱོང་བྱེད་ཚུལ་ཤེས་རྟོགས་གནང་བར་ཕེབས། སྡེ་ཁུལ་མང་ཚོགས་སྒྱུ་རྩལ་གསར་གཏོད་ལྟེ་གནས་སུ་ཚོན་མདོག་རྣམ་པར་བཀྲ་ཞིང་འཚོ་བའི་ཉམས་འགྱུར་ཟབ་མོ་ལྡན་པའི་ཉ་པའི་རི་མོ་དང་ལྟ་ན་སྡུག་ཅིང་སྤྱོད་གོ་ཆོད་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཐུགས་འཕྲོག་སྟེ་ཕེབས་མཚམས་བཞག་ནས་གཟིགས་པ་དང་། འདི་གར་རི་མོ་འབྲི་བཞིན་ཡོད་པའི་གྲོང་མི་འགའ་ཞིག་དང་སྒྱུ་རྩལ་སློབ་གྲྭའི་དངོས་སྦྱོང་སློབ་མར་གསར་རྩོམ་གྱི་ཤེས་ཚོར་བཀའ་འདྲི་གནང་། བཟོ་རྩལ་དང་མཛེས་རྩལ་གྱི་བརྩམས་ཆོས་དེ་དག་ཁྲོམ་རར་བྲིན་ཁ་རྒྱུག་པ་དང་གྲོང་མིའི་ཡོང་འབབ་འཕར་བ་མཁྱེན་སྐབས་ཞིས་ཅིན་ཕིང་དགྱེས་ཚོར་ཆེན་པོ་གནང་།
          ཞིང་དུད་སྤྲོ་ཁང་ལས་རིགས་སུ་གཙོ་བོར་འཛིན་མཁན་གྲོང་མི་ཡོན་ཆི་ཀྲུང་གི་ཁྱིམ་དུ་ཞིས་ཅིན་ཕིང་གིས་སྒོ་ར་དང་། མགྲོན་ཁང་། ཐབ་ཚང་བཅས་ལ་གཟིགས་པ་དང་ནང་མི་དང་ལྷན་དུ་འགྲུལ་པ་ཡོང་ཚུལ་དང་ཡོང་འབབ་སྐོར་གླེང་བ་དང་དེ་རྗེས་ཁོང་ཚོ་དང་གྲོང་མིའི་འཐུས་མི་དང་མཉམ་དུ་བཀའ་མོལ་གནང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་ཁོང་ཚོས་རང་བྱུང་གི་ལེགས་ཆ་སྤྱད་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་དང་ཡོང་འབབ་དེ་སྔ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་འཚོ་བ་ཇེ་ཡག་ཏུ་འགྲོ་ཚུལ་ཚང་ཀ་ཤིག་ཤིག་ངང་ངོ་སྤྲོད་ཞུས། ཞིས་ཅིན་ཕིང་གིས་འདི་ག་ནི་རང་བྱུང་གི་གསོ་རླུང་མང་བ་དང“མཛེས་སྡུག་ལྡན་པའི་དཔལ་འབྱོར”ཞིག་རེད། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་གནས་ལུགས་ར་སྤྲོད་ཐུབ་ཡོད་ཅེས་དང་། ཞིས་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་གཏོང་རྒྱུ་དང་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རྩ་བའི་སྲིད་ཇུས་ཤིག་ཏུ་བརྩིས་ནས་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་མ་གཏོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་སྣེ་ཁྲིད་བྱེད་པ། བཟོ་ཞིང་གཉིས་ཕན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཞིག་གང་མྱུར་ཆགས་པ་བྱེད་དགོས་ཞེས་གསུངས། སྡེ་ཁུལ་ནས་ཞལ་གྱེས་སྐབས་འདི་གའི་མང་ཚོགས་ཚོས་མཉམ་དུ“སྤྱི་ཁྱབ་ཧྲུའུ་ཅི། སྐུ་ཁམས་བཟང་”“སྤྱི་ཁྱབ་ཧྲུའུ་ཅི། ཐུགས་རྗེ་ཆེ”ཞེས་སྐད་གསང་མཐོན་པོས་འབོད་པ་དང་། ཞིས་ཅིན་ཕིང་གིས་ཕྱག་གཡུག་གཡུག་གནང་ནས་གུས་ལན་དང་ཕྱག་བཏང་སྟེ་ཞལ་གྱེས་གནང་།
          བརྟག་ཞིབ་གནང་རིང་ཞིས་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཀྲེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ཀྲེ་ཅང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་གོམ་སྟབས་སྔར་བས་མགྱོགས་སུ་སྤོ་རྒྱུའི་སྐུལ་མ་བཏང་སྟེ་མུ་མཐུད་སྔོན་སྐྱོད་དང་དཔེ་སྟོན་གྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།
          ཞིས་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་ཡོད། ཇི་ལྟར་བྱས་ནས་རྒྱུན་རྣམ་གསར་པ་དང་འཚམས་པ་དང་སྣ་འདྲེན་བྱ་རྒྱུའི་ཐད་ང་ཚོའི་ངོས་འཛིན་དང་ལག་ལེན་འགོ་ཚུགས་མ་ཐག་པ་ཞིག་ཡིན་པས་ལ་ལར་དཀའ་ངལ་འཕྲད་སྲིད་པས་རྒྱ་ཁྱབ་ཏུ་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད། འགག་རྩ་ནི་འཐབ་ཇུས་ཀྱི་ཚུགས་ཤུགས་མཐའ་འཁྱོངས་བྱས་ནས་དུས་བསྟུན་འཚོལ་ཞིབ་དང་སྤྱོད་གོ་ཆོད་པའི་བྱ་ཐབས་དང་ཐབས་ཤེས་ཞིབ་འཇུག་གཏིང་ཟབ་བྱེད་དགོས། སྒྱུར་བཅོས་ནི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་མཆོག་ནོར་ཞིག་ཡིན་པ་དང་། འགྲོ་ལམ་ནི་རྐང་འོག་ཏུ་ཡོད་པས་འགག་རྩ་ནི་སྒྱུར་བཅོས་ལ་བརྟེན་ནས་འགྲོ་ལམ་བཤངས་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་ཐུབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་ལག་ལེན་ནང་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་སྟེ་བརྟག་དཔྱད་ཞིབ་འཇུག་བྱེད་རིང་གནས་ཚུལ་འཆུགས་པ་མེད་པ་ཤེས་པ་བྱེད་པ་དང་བརྟག་ཞིབ་བྱེད་རིང་ལས་དོན་ལ་མཛུབ་ཁྲིད་དང་གནད་དོན་ཐག་གཅོད་བྱེད་དགོས་ཞེས་གསུངས།
           ཞིས་ཅིན་ཕིང་གིས་སྤྱི་ཚོགས་ཡག་པོ་ཞིག་ལ་གསོན་ཤུགས་དགོས་པ་མ་ཟད། ཞི་མཐུན་དང་སྒྲིག་ལམ་ལྡན་པ་ཞིག་ཀྱང་དགོས། སྤྱི་ཚོགས་འཛུགས་སྐྲུན་ཐད་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ་དེ་རྩ་བའི་རྩ་དོན་ལ་བརྩིས་ཏེ་སྒྲིག་སྲོལ་ལམ་སྲོལ་དང་ལམ་ལུགས་སྲིད་ཇུས་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་བསམ་བློ་གང་ཞིག་གཏོང་བ་དེ་ང་ཚོས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་གང་ཡོད་འདོན་དགོས་ལ་ནུས་པས་ལྕོགས་ཚོད་བྱས་ཏེ་ལས་དོན་ཁག་ཚང་མ་རེ་འདུན་དང་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཁྱབ་ཁོངས་སུ་ཐོན་པའི་གནད་དོན་སྣ་ཚོགས་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱེད་མཁས་པོ་བྱེད་དགོས། མང་ཚོགས་ཀྱི་ཁྲིམས་སྤྱོད་ལ་དགའ་པོ་དང་རྒྱབ་སྐྱོར་བྱས་ནས་མི་དམངས་མང་ཚོགས་རྣམས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་གོང་བཀུར་ཞུ་མཁན་རྣམ་དག་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན། སྲུང་སྐྱོང་བྱེད་མཁན་བརྟན་པོ་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཏང་ནན་སྐྱོང་བྱ་རྒྱུ་ནི་འགྱུར་མེད་བརྗོད་བྱ་ཞིག་ཡིན་པ་དང་། ཏང་གིས་ཏང་ལ་དོ་དམ་བྱེད་པར་རྣམ་གཡེང་སྤུ་ཙམ་ཡང་བྱེད་མི་རུང་ལ་ཏང་ནན་སྐྱོང་བྱེད་པར་ལྷོད་གཡེང་དེ་བས་བྱེད་མི་རུང་། མ་ལག་མཉམ་བཅོས་མཐའ་འཁྱོངས་དང་རྩ་བཅོས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ཁྲིམས་ལག་བསྟར་དང་སྒྲིག་ཁྲིམས་སྲུང་རྒྱུ་ཟུང་འབྲེལ་བྱེད་དགོས། ལས་ཀའི་ནང་ལས་བྱེད་པ་ལ་ལར་ཐོན་པའི་གནད་དོན་ཐད་དམིགས་ས་རང་བཞིན་གྱི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱེད་དགོས། ནུས་པ་མི་འདང་བ་ཡིན་མཁན་ལ་གསོ་སྦྱོང་ལ་ཤུགས་སྣོན་དང་། ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན། ཕྱོགས་སྡོམ་མཐོར་གཏོང་ལ་ཤུགས་སྣོན་བཅས་རྒྱག་དགོས། འགན་འཁྲི་འཁུར་བའི་སྙིང་སྟོབས་མི་འདང་མཁན་ལ་འགན་འཁྲི་གསལ་བཟོ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། ལས་དོན་མི་སྒྲུབ་མཁན་ལ་སྐྱོན་བརྗོད་སློབ་གསོ་ནན་ཏན་གཏོང་བ་དང་སྒྲིག་འཛིན་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། ལས་ཀའི་དམིགས་ཚད་དང་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ནས་འགོ་ཚུགས་ཏེ་ལས་གནས་ཚང་མའི་འགན་འཁྲི་དང་ལས་བགོས་གསལ་པོ་དང་། ལས་དོན་ཚང་་མའི་གོ་རིམ་དང་དམིགས་ཚད་གསལ་པོ། བྱ་དགའ་ཆད་གཅོད། ངོས་འཛིན་གཏན་འཁེལ་དང་ལག་བསྟར་གསལ་པོ་བཅས་ཡོང་བ་བྱས་ནས་རྒྱ་ཆེའི་ལས་བྱེད་པས་ལས་བརྩོན་ལས་བཀུར་་དང་། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་འདོད་པ་བཅས་ཡོང་རྒྱུའི་སྐུལ་མ་གཏོང་དགོས། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་པོར་འཇོག་དགོས་པ་དང་། ལག་ལེན་ནན་པོ་བསྟར་བའི་བླང་བྱར་གཞིགས་ཏེ་ཏང་ནན་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་ལ་ཏང་འཛུགས་སྐྱོང་ལ་འཕྲད་པའི་གནད་དོན་གསར་པ་ནུས་ལྡན་ངང་ཐག་གཅོད་ཀྱང་བྱེད་དགོས་ཞེས་གསུངས་པ་རེད།
          ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།