མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བདེ་འཇགས་ངང་འཕེལ་རྒྱས་གཏོང་རྒྱུ་དོན་འཁྱོལ་ཏན་ཏིག་བྱེད་པའི་འདུ་
ཤེས་བརྟན་པོ་བཙུགས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་
འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་01ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་པའི་བདེ་འཇགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་དམིགས་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གསུམ་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤྱི་པའི་བདེ་འཇགས་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་སྤྱི་པའི་བདེ་འཇགས་འགན་ལེན་བྱེད་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པ། སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། དེར་བརྟེན་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས་རང་རྟོགས་ངང་སྤྱི་པའི་བདེ་འཇགས་འགན་ལེན་བྱེད་རྒྱུ་དེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲོད་བཞགས་ནས་ངོས་འཛིན་བྱེད་པ་དང་སྤྱི་པའི་བདེ་འཇགས་ལས་དོན་ཏན་ཏིག་དང་ལེགས་པར་བསྒྲུབས་ཏེ་མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཀྱི་ཆེད་ཕྱོགས་གང་སར་ཁྱབ་པ་དང་སྣོལ་མ་ཅན་གྱི་དྲ་རྒྱ་ཞིག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         སློབ་སྦྱོང་ཐོག་དབྱང་ཧོན་ཉིང་དང་། ཁྲེན་ཞའོ་ཧྭ། ལི་ལི་གོ དབྱང་ཏུང་ལེང་། པི་ཅིན་ཆོན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་བ་དང་། ཁོང་རྣམ་པས་རང་སྡེ་ཚན་གྱི་ལས་དོན་དང་ཟུང་འབྲེལ་གྱིས་སྤྱི་པའི་བདེ་འཇགས་ཐད་འཕྲད་པའི་དུས་བབ་དང་གནས་པའི་གནད་དོན་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་བཅས་གླེང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པས་ཁོང་ཚོའི་གཏམ་བཤད་གཟབ་ནན་གསན་པ་དང་སྦྲགས་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་པའི་བདེ་འཇགས་ནི་སྤྱི་ཚོགས་བརྟན་ལྷིང་དང་སྤྱི་ཚོགས་སྒྲིག་ལམ་ཡག་པོ་ཡོད་པའི་གལ་ཆེའི་མཚོན་ཚུལ་ཞིག་དང་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་པའི་གལ་ཆེའི་འགན་ལེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སྤྱི་པའི་བདེ་འཇགས་མ་ལག་སྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་པའི་བདེ་འཇགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་དམིགས་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དང་། བདེ་འཇགས་ཐོན་སྐྱེད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ། སྤྱི་ཚོགས་བདེ་འཇགས་ཐད་ཀྱི་སྔོན་འགོག་ཚོད་འཛིན་སོགས་ཀྱི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ཀྱི་ལས་འགན་བཏོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་པའི་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་དང་སྤྱི་པའི་བདེ་འཇགས་ཁྲིམས་སྐྱོང་ཅན་དུ་འགྱུར་བ་བྱེད་པའི་བླང་བྱར་སྐུལ་སྤེལ་བཏང་ཡོད། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐབས་ཇུས་བཀོད་སྒྲིག་དང་བླང་བྱ་དེ་དག་གཞིར་བཟུང་ལས་དོན་འབོར་ཆེན་བསྒྲུབས་པ་མ་ཟད། དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་སྤྱི་པའི་བདེ་འཇགས་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད། དེ་དང་ཆབས་ཅིག་ང་ཚོས་བདེ་འཇགས་དུས་སུ་ཉེན་ཁ་མ་བརྗེད་པ་དང་བདེ་འཇགས་དུས་སུ་ཟང་ཟིང་མ་བརྗེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱེད་པ་བཅས་ཀྱི་ཐོག་ནས་དུས་གང་རུང་དུ་བག་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པར་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། མི་དམངས་མང་ཚོགས་ཚོས་གླེང་མང་བ་དང་བསམ་འཆར་མང་བའི་གནད་དོན་ནས་འགོ་བརྩམས་ཏེ་སྤྱི་པའི་བདེ་འཇགས་ཐད་འཕྲད་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྐྱོན་ཆ་གསབ་པ་དང་། ཞན་ཆ་གསབ་པ། མི་མངོན་པའི་རྐྱེན་ངན་སེལ་བ། ནུས་ཤུགས་ཡོད་རྒུས་གཙོ་གནད་ལ་དམ་འཛིན་དང་། འགག་གནད་ལ་དམ་འཛིན། ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་སྤྱི་པའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་དམ་འཛིན་ཏན་ཏིག་གིས་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཅིག་ནས་ཆེད་དོན་རྡུང་རྡེག་བཅོས་སྒྲིག་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འབྱུང་རྩར་དམ་འཛིན་དང་རྨང་གཞིའི་ལས་དོན་ལ་དམ་འཛིན་གྱིས་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་འགོག་སྲུང་མ་ལག་གསར་གཏོད་བྱེད་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་སྤྱི་ཚོགས་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྤྱི་པའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་གང་སར་ཡོད། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པར་ངེས་པར་དུ་ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནས་འགོ་བརྩམས་ཏེ་བསམ་ཕྱོགས་འདུ་ཤེས་དང་། ཐབས་ཤེས་བྱ་ཐབས། སྒྲིག་གཞི་ལམ་སྲོལ་བཅས་གསར་གཏོད་ལ་སྐུལ་སྤེལ་བཏང་ནས་སྤྱི་པའི་བདེ་འཇགས་ཀྱི་མ་ལག་མགྱོགས་མྱུར་སྐྲུན་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“རང་ཁོངས་ས་ཕྱོགས་འཕེལ་རྒྱས་གཏོང་བ་དང་རང་ཁོངས་ས་ཕྱོགས་དུས་བདེ་ཡོང་བ་དགོས་པའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཕོད་པ་བྱས་ཐོག་འགན་འཁྲིའི་ལམ་ལུགས་ཁ་གསལ་བཟོ་བ་དང་འབྲེལ་དོན་འཁྱོལ་ནན་ཏན་ཐུབ་པ་དང་འགན་འཁྲི་བདའ་འདེད་དོན་འཁྱོལ་ཐུབ་པ་བྱེད་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་དང་། འགག་ས་མདུན་སྤོས་མཐའ་འཁྱོངས། རྒྱུན་གཏན་གྱི་དོགས་ཟོན་ལ་ཤུགས་སྣོན། འབྱུང་རྩ་ནས་བཅོས་སྐྱོང་ལ་ཤུགས་སྣོན། མདུན་ཕྱོགས་སུ་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་པའི་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་སྤྱི་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྤྱི་པའི་བདེ་འཇགས་མ་ལག་སྲུང་སྐྱོང་བྱེད་པར་ཆེས་རྨང་གཞིའི་ཐད་ནས་འགོ་རྩོམ་དགོས། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་སྤྱི་པའི་བདེ་འཇགས་ཀྱི་འཐབ་ས་གཙོ་བོར་བརྩིས་ནས་གཙོ་གནད་གཤམ་སྒྱུར་དང་། སྟོབས་ཤུགས་གཤམ་གཏོང་། འགན་སྲུང་གཤམ་ཕྱོགས་བཅས་ཀྱི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདེ་འཇགས་ལྟ་སྐུལ་ཁྲིམས་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་དྲ་མིག་ཅན་དང་གཞི་གཅིག་ཅན་དུ་གྱུར་པ་བྱེད་དགོས། སྤྱི་པའི་བདེ་འཇགས་མ་ལག་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ལྷུ་ཚིགས་ཚང་མར་བསམ་གཞིག་དང་ཇུས་འགོད་གཏིང་ཟབ་བྱེད་དགོས། སྤྱི་པའི་བདེ་འཇགས་ཀྱི་མི་སྲུང་དང་། དངོས་སྲུང་། རྩལ་སྲུང་བཅས་ཀྱི་དྲ་བ་བཏོད་དེ་མི་སྣའི་བྱང་ཚད་དང་། སྒྲིག་བཀོད་འགན་ལེན། ལག་རྩལ་བཀོལ་སྤྱོད་བཅས་སྤྱི་ཡོངས་མཐུན་སྦྱོར་ཡོང་བ་བྱེད་དགོས། སྤྱི་པའི་བདེ་འཇགས་དོན་རྐྱེན་སྣ་ཚོགས་ཀྱི་བསླབ་བྱ་བསྡུ་ལེན་ནན་ཏན་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་སྤྱི་པའི་བདེ་འཇགས་སྲུང་སྐྱོང་གི་ཐབས་ཤེས་ཡག་པོ་དང་ཉམས་མྱོང་ཡག་པོ་ཁྱབ་གདལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་སྤྱི་པའི་བདེ་འཇགས་བཅོས་སྒྲིག་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས་པ་དང་། སྤྱི་པའི་བདེ་འཇགས་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མ་ལག་ནང་བཅུག་སྟེ་བདེ་འཇགས་སྤྱི་ཕན་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་བདེ་འཇགས་ཐད་ཀྱི་སྤྱི་ཚོགས་སེམས་ཁམས་ཀྱི་ཐེ་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་སྤྱི་དམངས་ཀྱི་བསམ་བློར་ཁྲིད་སྟོན་ཧུར་ཐག་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བཅས་བྱེད་དགོས་ཞེས་གསུངས་པ་རེད།