མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་དུ་མཛེས་སྡུག་ལྡན་པའི་
འཚོ་བ་ཁྱེད་ཚོའི་རེད་ལ་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་ཡང་
ཁྱེད་ཚོའི་རེད་ཅེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་03ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་དུ་མཛེས་སྡུག་ལྡན་པའི་
འཚོ་བ་ཁྱེད་ཚོའི་རེད་ལ་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་ཡང་
ཁྱེད་ཚོའི་རེད་ཅེས་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཤར་བའི་སྐབས་སུ་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། ཁོང་གིས་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་ཆུང་དུས་ནས་མི་ཡག་པོ་ཞིག་བྱ་རྒྱུའི་སློབ་སྦྱོང་དང་། ཆུང་དུས་ནས་བློ་ཐག་གཅོད་རྒྱུའི་སློབ་སྦྱོང་། ཆུང་དུས་ནས་གསར་གཏོད་བྱ་རྒྱུའི་སློབ་སྦྱོང་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་དང་། བྱིས་པའི་དུས་ནི་མི་ཚེའི་ནང་གི་དུས་ཚོད་རྩ་ཆེ་ཤོས་ཡིན་པས་དུས་སྐབས་དེར་ཡང་དག་པའི་མི་ཚེའི་དམིགས་ཚད་འཛུགས་རྒྱུར་དོ་སྣང་བྱེད་པ་དང་། བསམ་བློ་ཡག་པོ་དང་། སྤྱོད་པ་ཡག་པོ། གོམས་གཤིས་ཡག་པོ་བཅས་འཇགས་པ་བྱས་ཐོག ད་ཆ་མེས་རྒྱལ་གྱི་བྱིས་པ་ཡག་པོ་བྱེད་པ་དང་། འབྱུང་འགྱུར་མེས་རྒྱལ་གྱི་འཛུགས་སྐྲུན་པ་བྱེད་དགོས། མཛེས་སྡུག་ལྡན་པའི་འཚོ་བ་ཁྱེད་ཚོའི་རེད་ལ། མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་ཡང་ཁྱེད་ཚོའི་རེད་ཅེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་མཇལ་འཕྲད་ནང་ཞུགས་པ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲའི་ཁྲོད་དུ་ཞིས་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོ་མདུན་དུ་བསྐྱོད་ནས་ཞིས་ཅིན་ཕིང་སོགས་ལ་དམར་མདངས་བཀྲ་བའི་སྐེ་དར་དམར་པོ་བསྒྲོན་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གིས་གུས་འདུད་ཞུས་པ་རེད། ཞིས་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོའི་སྒོ་ནས་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་རྒན་གྲས་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྒྲོན་པ་རེད།
         མཇལ་འཕྲད་དང་བྱེད་སྒོའི་ནང་ཞིས་ཅིན་ཕིང་གིས་དེ་རིང་ནི་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པའི་ཉིན་མོ་བཟང་པོ་ཞིག་ཡིན་པ་དང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་ལ་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ཚོགས་འགོ་ཚུགས་པའི་ཉིན་མོ་ཡང་ཡིན་ཞེས་གསུངས་པ་རེད། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་། ཚོགས་ཆེན་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་མི་རྣམས་ཀྱི་བྱིས་པའི་དུས་བློ་ལ་འཆར་སྐབས་ཚང་མ་མཛེས་སྡུག་ལྡན་པ་དང་བརྗེད་པར་དཀའ་བ་ཞིག་ཡོད་ལ་བྱིས་པའི་དུས་ཀྱང་མི་ཚེའི་ནང་རྟག་ཏུ་དྲན་གསོ་བྱེད་པའི་དུས་ཤིག་ཡིན། ངས་ཁྱེད་ཚོ་མཐོང་སྐབས་ང་ཚོའི་མི་རིགས་ཀྱི་འབྱུང་འགྱུར་བློ་ལ་འཁོར་བྱུང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་འབྱུང་འགྱུར་ཁྱེད་ཚོའི་དུས་སུ་མངོན་འགྱུར་བྱེད་དགོས་ལ་ཁྱེད་ཚོ་ནི་འབྱུང་འགྱུར་གྱི་གཙོ་ཤུགས་དམག་དང་སྟོབས་ཤུགས་གསར་པ་ཞིག་རེད་ཅེས་ནན་བཤད་གནང་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར“སློབ་སྦྱོང་ཡག་པོ་བྱས་ནས་ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་དགོས”པའི་ཐུགས་རེ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཆུང་དུས་ནས་མི་ཡག་པོ་ཞིག་བྱ་རྒྱུའི་སློབ་སྦྱོང་བྱེད་དགོས། འཛམ་གླིང་ཐོག་ཆེས་དཀའ་ཤོས་ཀྱི་བྱ་བ་ནི་མི་ཞིག་བྱེད་པ་དང་མི་ཡག་པོ་ཞིག་བྱ་རྒྱུ་དེ་ཡིན། མི་ཡག་པོ་ཞིག་བྱེད་པར་སྤྱོད་བཟང་དང་། ཤེས་ཡོན། འགན་འཁྲི་བཅས་ཡོད་དགོས་པ་དང་། སྔོན་ལ་སྤྱོད་བཟང་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས། ད་ལྟ་ཁྱེད་ཚོ་ཚང་མ་ནི་སྡོང་ཕྲུག་ལྟ་བུ་ཡིན་པས་སྤྱོད་བཟང་ཆགས་པ་བྱ་རྒྱུ་དེར་ཕུན་སུམ་ཚོགས་པའི་འཚོ་བཅུད་དང་གཤིན་པའི་ཞིང་ས་ཡོད་དགོས་ཤིང་། དེ་ལྟར་བྱུང་ཚེ་གཞི་ནས་འཚར་ལོངས་ཡག་པོ་ཞིག་ཡོང་ཐུབ། ད་ལྟ་རང་ཉིད་ཀྱི་སྤྱོད་བཟང་སྐྱེད་སྲིང་དེ་བས་ཡག་པོ་བྱས་ཚེ་འབྱུང་འགྱུར་མི་དེ་བས་ཡག་པོ་ཞིག་བྱེད་ཐུབ། མི་ཡག་པོ་ཞིག་བྱེད་པའི་ཚད་གཞི་སྦྱོང་ཤེས་པ་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་གསར་པ་སློབ་སྦྱོང་དང་དར་སྤེལ་གཏོང་བ། འཚོ་བར་དགའ་ཞེན་བྱེད་པ། བཀའ་དྲིན་དྲན་པ། གཞན་ལ་ཕན་འདོགས་པ། གུས་ཞབས་ཤེས་ལ་ཁ་དན་ཚིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་མཁན་གྱི་མིག་དཔེ་ཆུང་ཆུང་ཞིག་བརྩོན་ལེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཆུང་དུས་ནས་ཕུགས་འདུན་འཛུགས་རྒྱུའི་སློབ་སྦྱོང་བྱེད་དགོས། ཕུགས་འདུན་ནི་མི་ཚེའི་གྲུ་ལམ་གསལ་རྟགས་ལྟ་བུ་ཡིན། མི་ཞིག་གིས་གྲུབ་འབྲས་ཐོན་པ་བྱེད་པར་རང་ཉིད་ཀྱི་ཕུགས་འདུན་ཡོད་དགོས། མི་ཞིག་ལ་ཕུགས་འདུན་མང་པོ་ཡོད་ཆོག་ཀྱང་མི་ཚེའི་གལ་ཆེ་ཤོས་ཀྱི་ཕུགས་འདུན་ནི་མེས་རྒྱལ་དང་མི་དམངས་དང་ཟུང་འབྲེལ་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་མི་རྣམས་ཀྱི་ཞིབ་ཕྲའི་ཕུགས་འདུན་སྣ་ཚོགས་ཀྱི་གཞི་སྒྲོམ་ཡིན་ལ་མི་ཚེའི་སྲོག་ཤིང་ཡང་ཡིན། ཁྱེད་ཚོས་བདེན་དོན་དོན་གཉེར་དང་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་ཕུགས་འདུན་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པ། དུས་རྟག་ཏུ་མེས་རྒྱལ་དང་མི་དམངས་སེམས་ནང་འཇོག་པ། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། མེས་རྒྱལ་དང་མི་དམངས་ལ་མཁོ་བའི་ཕྲུ་གུ་ཡག་པོ་ཞིག་ཧུར་ཐག་བྱེད་པ། མེས་རྒྱལ་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་མཁན་གྱི་ཤུལ་འཛིན་པ་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་ཆུང་དུས་ནས་གསར་གཏོད་བྱ་རྒྱུ་སློབ་སྦྱོང་བྱེད་དགོས། བདེ་སྐྱིད་ནི་སྦྲང་ཆར་ཞིག་མིན་ལ་བདེ་སྐྱིད་ནི་རིན་པ་མི་དགོས་པའི་དགུང་ཟས་ཤིག་མིན། ལས་སླ་པོར་བདེ་སྐྱིད་ཡོང་མི་སྲིད། མི་ཡུལ་གྱི་གྲུབ་འབྲས་མཐའ་དག་དང་བདེ་སྐྱིད་མཐའ་དག་ངལ་རྩོལ་དང་གསར་གཏོད་ནས་བྱུང་བ་ཞིག་རེད། དུས་རབས་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བས་ཁྱེད་ཚོ་ཆེན་པོ་ཆགས་ཚེ། འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡོང་བ་དང་ཚན་རྩལ་ལ་ཡང་ཡར་རྒྱས་ཧ་ཅང་ཆེན་པོ་ཡོང་སྲིད་པས་ཁྱེད་ཚོས་འདུ་ཤེས་གསར་པ་དང་། ཤེས་ཡོན་གསར་པ། འཇོན་ཐང་གསར་པ་བཅས་ལ་བརྟེན་ནས་འཚོ་བ་གསར་པ་དང་འཚམ་པ་དང་གསར་གཏོད་བྱེད་དགོས་ཤིང་། དེ་ལྟར་བྱས་ཚེ། མི་རིགས་དང་མིའི་རིགས་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་ཐུབ། ད་ལྟ་ནས་བཟུང་ཁྱེད་ཚོས་སློབ་སྦྱོང་ཧུར་ཐག་དང་། རང་རྟོགས་ངང་ངལ་རྩོལ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་དཔེ་དམག་ཆུང་ཆུང་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལོ་ཆུང་བྱིས་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་ནི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན་ཞིང་། དེ་ཕུགས་དང་འབྲེལ་བ་ཡོད། དུས་ཡུན་རིང་པོའི་ནང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལོ་ཆུང་བྱིས་པའི་ལས་དོན་པ་མི་རབས་ནས་མི་རབས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་ལོ་ཆུང་བྱིས་པ་ཁྲི་སྟོང་མང་པོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཀྱིས་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་ལོ་ཆུང་བྱིས་པ་ཁྲི་སྟོང་མང་པོར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་རྟག་ཏུ་གྲ་སྒྲིག་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་ཚང་མས་འབྱུང་འགྱུར་སྐྱེད་སྲིང་དང་འབྱུང་འགྱུར་གཏོད་པའི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། ལོ་ཆུང་བྱིས་པར་སེམས་ཁུར་དང་དགའ་གཅེས་བྱེད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ། ལོ་ཆུང་བྱིས་པར་དོན་དངོས་སྒྲུབ་པ་བཅས་བྱས་ཏེ་ཕྲུ་གུ་ཚོ་འཚར་ལོངས་དེ་བས་ལེགས་པ་ཡོང་བ་བྱེད་དགོས། ཁྱིམ་བདག་ཚང་མ་དང་དར་མ་ཚང་མས་ཕྲུ་གུ་ཚོར་མིག་དཔེ་སྟོན་དགོས།