མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་སླར་ཡང་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་ཡུལ་དུ་སྐྱོབ་རོགས་མི་སྣར་
གཟིགས་པར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་སླར་ཡང་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་ཡུལ་དུ་སྐྱོབ་རོགས་མི་སྣར་
གཟིགས་པར་ཕེབས་པ།

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་གྱི་ཞོགས་པ་སྔ་པོ་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཆར་ཆེན་ལ་མ་འཛེམས་པར་སླར་ཡང་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་ཡུལ་དུ་ཕེབས་ནས་སྐྱོབ་རོགས་ལས་དོན་སྤྱི་འདོམས་ཐོག་བཀོད་སྒྲིག་གནང་བ་དང་། འཐབ་ཕྱོགས་དང་པོར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་གནམ་གཤིས་ཤིན་ཏུ་ངན་པའི་ཁྲོད་དུ་མཚན་གང་ལས་ཀ་དང་རེས་མོས་ངང་ཆུ་འོག་ཏུ་འཛུལ་མཁན་སོགས་སྐྱོབ་རོགས་མི་སྣར་གཟིགས་པ་རེད།
         གཙང་འགྲམ་དུ་གནས་སྐབས་ཕུབ་པའི་གུར་ནང་ལི་ཁེ་ཆང་གིས་རེས་མོས་ངལ་གསོ་རྒྱག་མཁན་ཆུར་འཛུལ་མི་སྣར་འཚམས་འདྲི་གནང་བ་དང་། ཁོང་ཚོའི་གཟུགས་གཞིའི་གནས་ཚུལ་དང་ཆུ་འོག་གནས་ཚུལ་འདྲི་རྩད་གནང་བ་མ་ཟད། ཆུར་འཛུལ་མི་སྣས་ཉེན་གྱར་འགྲུལ་པར་གསོན་པའི་རེ་བ་སྦྱིན་པར་བསྔགས་བརྗོད་གནང་བ་རེད།
         ཁོང་གིས་ད་ལྟ་འགྲུལ་པ་བརྒྱ་ཕྲག་ཁ་ཤས་མགོ་རྟིང་ལོག་པའི་གྲུ་གཟིངས་ནང་ཡོད་པས་ང་ཚོས་འབད་བརྩོན་ཆེ་ཤོས་བྱེད་དགོས། ཆེད་ལས་སྟོབས་ཤུགས་ཡིན་པའི་ཁྱེད་ཚོས་ནུས་པ་ཐད་ཀར་འདོན་ཐུབ་པ་དང་མི་དམངས་མང་ཚོགས་ཀྱིས་ཁྱེད་ཚོར་རེ་བ་ཆེན་པོ་བཅོལ་ཡོད་པས་ཁུར་པོ་ལྕི་པོ་ཡོད། ཚང་མས་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་སྐྱོབ་རོགས་བྱེད་པ་དང་སོ་སོའི་བདེ་འཇགས་ལའང་དོ་སྣང་བྱེད་དགོས། ཆུ་འོག་ཏུ་ལས་ཀ་བྱེད་མཁན་ཆུར་འཛུལ་མི་སྣར་འཚམས་འདྲི་ཞུ་རོགས་ཞེས་གསུངས་པ་རེད། གྲུ་ཁར་སྐྱོབ་རོགས་མི་སྣས་རྐྱེན་ལམ་དུ་ཤོར་བའི་ཕུང་པོ་འགའ་ཞིག་འདོན་བཞིན་ཡོད། ལི་ཁེ་ཆང་དང་སྐུ་འཁོར་མི་སྣས་གཤིན་པོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
         དེ་རྗེས་ལི་ཁེ་ཆང་བཀོད་འདོམས་གྲུ་གཟིངས་སུ་འཛེགས་ནས་སླར་ཡང་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་ཡུལ་གྱི་ཆུ་ངོས་སུ་ཕེབས་པ་དང་། ལྷན་དུ་ཕེབས་པའི་ཚན་པ་དང་། ས་གནས། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགན་འཁུར་བས་མིག་སྔར་རྒྱལ་ཡོངས་ཀྱི་ཆུར་འཛུལ་བ་ཆེས་ཕུལ་བྱུང་དང་། ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཡོད་པའི་སྐྱོབ་རོགས་རིགས་གཅིག་མཁས་ཅན། ཁོར་ཡུག་ལ་འཚམ་ཤོས་ཀྱི་སྒྲིག་ཆས་ཡག་ཤོས་བཅས་ཚང་མ་འདི་གར་བཀོད་སྒྲིག་བྱས་ནས་སྐྱོབ་རོགས་བྱེད་བཞིན་ཡོད་ཅེས་སྙན་སེང་ཞུས་པ་རེད། ལི་ཁེ་ཆང་གིས་ད་ལྟ་གནམ་གཤིས་ཞན་པ་དང་རྦ་རླབས་ཆེ་བས་སྐྱོབ་རོགས་ཀྱི་དཀའ་ཚེགས་ཆེ་རུ་ཕྱིན་ཡོད་ཅེས་དང་། ཁོང་གིས་ས་གནས་འགན་འཁུར་བློ་མཐུན་ལ་སྐྱོབ་རོགས་བྱེད་མཁན་མི་སྣར་ངེས་པར་དུ་འཚོ་བཅུད་ཆེ་བའི་ཟ་རིགས་མཁོ་འདོན་དང་མཁོ་སྒྲུབ་འགན་ལེན་ལེགས་པར་བྱས་ནས་ཁོང་ཚོའི་གཟུགས་གཞི་སླར་གསོ་མགྱོགས་པོ་ཡོང་བ་བྱས་ནས་སྐྱོབ་རོགས་ལས་དོན་ནང་ཞུགས་ཐུབ་པ་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།
         བཀོད་འདོམས་གྲུ་གཟིངས་མགོ་རྟིང་ལོག་པའི་གྲུ་གཟིངས་མཚམས་སུ་སླེབས་སྐབས་ལི་ཁེ་ཆང་གིས་གྲུ་གཅལ་ཐོག་ཕེབས་ཤིང་དེ་གར་སྐོང་འདྲེན་བྱས་པའི་སྒྲིག་ཆས་ཆེ་གྲས་ཀྱིས་ལས་སྒྲུབ་བྱེད་བཞིན་ཡོད། ལི་ཁེ་ཆང་གིས་ཞིབ་ཕྲ་གཟིགས་པ་དང་། ཁོང་གིས་ཚེ་སྲོག་གོང་ན་མེད་པས་རེ་བ་ཕྲན་བུ་ཙམ་ཡོད་ཚེ་འབད་བརྩོན་ལྡབ་བརྒྱ་དང་འབད་འཐབ་ལྡབ་ཁྲི་བྱེད་དགོས། མི་སྣ་འཚོལ་སྐྱོབ་བྱ་རྒྱུ་ནི་ང་ཚོས་སྒྲུབ་དགོས་པའི་འགན་འཁྲི་རེད། སྐོང་འདྲེན་བྱས་པའི་སྒྲིག་ཆས་སྤྱི་འདོམས་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་། དེ་བས་དམིགས་ས་ལྡན་པའི་སྒོ་ནས་འཚོལ་སྐྱོབ་བྱེད་དགོས་ཞེས་དང་། ཁོང་གིས་སྐུ་འཁོར་བློ་མཐུན་ལ་གོམ་སྟབས་རྗེས་མའི་གནས་ཚུལ་ལ་དམིགས་ཏེ་སྐྱོབ་རོགས་ལས་དོན་ཁག་ལེགས་པར་སྒྲུབ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
         ལི་ཁེ་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ཏེ་སྐྱོབ་རོགས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག་དང་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ད་ཆ་སྐྱོབ་རོགས་ཀྱི་ལས་འགན་དཀའ་ཚེགས་ཆེ་བས་ཚང་མས་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་དགོས་ཀྱི་ཡོད། ཁྱེད་ཚོས་ལས་འགན་ལེགས་པར་སྒྲུབ་ངེས་ཡིན་པ་དང་ཏང་དང་མི་དམངས་ཀྱི་མངགས་བཅོལ་ལྕི་པོ་ཆུད་ཟོས་སུ་མི་གཏོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་སླར་ཡང་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་ཡུལ་དུ་སྐྱོབ་རོགས་མི་སྣར་
གཟིགས་པར་ཕེབས་པ།