མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་སྐྱོབ་རོགས་སྔར་བཞིན་བྱེད་བཞིན་ཡོད།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

སྐྱོབ་རོགས་མི་སྣས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མགོ་རྟིང་ལོག་པའི“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་གྲུ་གཟིངས་ནང་གི་མི་14གསོན་པ་དང་། མིག་སྔར་སྐྱོབ་རོགས་ལས་ཀ་སྔར་བཞིན་བྱེད་བཞིན་ཡོད།
         ཚེས་2ཉིན་གྱི་དགོང་དྲོའི་ཆུ་ཚོད་7པ་ཡོལ་ཙམ་ལ་གསར་འགོད་པས་སྐྱོབ་རོགས་བྱ་ཡུལ་དུ་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་གྲུ་མཐིལ་འབུད་འདེད་འཕྲུལ་ཆས་ཆུ་ངོས་སུ་ཐོན་པ་དང་། དེའི་འགྲམ་གྱི་ཆུ་རྒྱུག་ཤུགས་ཆེ་བས་ཆུ་འཁོར་ཆགས་པ་མཐོང་བྱུང་། གནས་ཚུལ་ཐོན་ཡུལ་གྱི་ཆུ་རྒྱུག་ཤུགས་ཆེ་བ་དང་ཆུ་འོག་མཐོང་ཚད་དམའ་བ་སོགས་ཀྱིས་རྐྱེན་པས་སྐྱོབ་རོགས་ལས་ཀར་དཀའ་ངལ་ཆེན་པོ་བཟོ་གི་ཡོད། སྐྱོབ་རོགས་མི་སྣས་གསར་འགོད་པར་ཆག་སྒོ་བྱུང་བའི་གྲུ་གཟིངས་ཀྱི་གྲུ་གཅལ་ནས་གྲུ་མཐིལ་བར་གྱི་མཐོ་ཚད་སྨི་5ཙམ་དང་ཐོག་སོ་རེ་རེའི་བར་མཐོ་ཚད་སྨི་3ཙམ་ཡོད་པས་ཆུ་འོག་ཏུ་འཛུལ་བར་དཀའ་ངལ་ཆེན་པོ་ཡོད་ཅེས་བཤད་བྱུང་། རང་མིང་ཤོད་འདོད་མེད་པའི་འཚོལ་སྐྱོབ་མི་སྣ་གཅིག་གིས་གོང་གསལ་གྱི་རྒྱུ་རྐྱེན་ཕུད་གྲུ་གཟིངས་ཀྱི་ཁང་པ་རྦད་དེ་དམ་སྦྱར་ཡིན་རུང་གསོ་རླུང་མང་པོ་མེད་ཁར་འགྲུལ་པ་མང་ཆེ་བ་ནི་རྒན་རྒོན་ཡིན་པ་དང་ཉིན་མཚན་གཅིག་སོང་བས་གསོན་པའི་རེ་བ་ཆེན་པོ་མེད་ཅེས་བཤད་བྱུང་།
         ད་དུང་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་3ཉིན་གྲུ་གཟིངས་བརྟོལ་ནས་མྱུར་སྐྱོབ་བྱ་རྒྱུ་ཡིན་པ་དང་། མིག་སྔར་ཆུ་ངོས་སུ་མངོན་པའི་གྲུ་གཟིངས་བརྟོལ་ནས་འགྲོ་ལམ་ཞིག་བཟོས་རྗེས་མྱུར་སྐྱོབ་མི་སྣ་མྱུར་སྐྱོབ་བྱེད་པར་གཏོང་རྒྱུ་རེད། དེ་གོང་བྱ་ཐབས་དེ་མ་སྤྱད་པ་ནི་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་འཛོམས་མེད་པ་དང་། རང་དགར་གྲུ་གཟིངས་བརྟོལ་ཚེ་གསོ་རླུང་གྲུ་གཟིངས་ནང་སླེབས་ཏེ་གྲུ་གཟིངས་དིམ་ཤུགས་ཆེ་རུ་ཕྱིན་ནས་འཆི་རྨས་དེ་བས་མང་བ་ཡོང་ངེས་རེད།
         མིག་སྔར་གྲུ་གཟིངས་112སྐྱོབ་རོགས་ནང་ཞུགས་པ་དེའི་ནང་མཚོ་དམག་གི་སྐོར་གྲུ་14དང་། ཆུ་ལམ་ཕྱོགས་སྟོན་གྲུ་གཟིངས་11 སྤྱི་བདེའི་གྲུ་གཟིངས་7 གདོང་མཆོང་གྲུ་གཟིངས་46 གྲུ་ཁའི་གྲུ་གཟིངས་2 སྤྱི་ཚོགས་ཀྱི་གྲུ་གཟིངས་17 སྤྱི་ཚོགས་ཀྱི་ཉ་གྲུ་15བཅས་ཚུད་ཡོད་པ་དང་། གཙང་འགྲམ་གྱི་དཔོན་དམག་དང་མང་ཚོགས་4000ལྷག་ཙམ་སྐྱོབ་རོགས་ནང་ཞུགས་ཡོད།
         ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17དང་སྐར་མ་37ཐོག་ཧུའུ་པེའི་ཅན་ལི་རྫོང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་དབྱང་ཁྲོན་ཐང་གིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཆག་སྒོ་འཕྲད་པའི་གྲུ་གཟིངས་ཐོག་ཁྱོན་མི་གྲངས་456ཡོད་པའི་ནང་འགྲུལ་པ་405དང་། གྲུ་པ་46 སྣེ་ཤན་པ་5བཅས་ཡོད་ཅེས་གསུངས་པ་རེད། འོན་ཏེ་དགོང་དྲོའི་ཆུ་ཚོད་8པར་འཚོགས་པའི་བརྡ་གཏོང་ཚོགས་འདུའི་ཐོག་འབྲི་ཆུ་མཚོ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅང་གིས་གྲུ་གཟིངས་ཐོག་མི་གྲངས་458ཡོད་ཅེས་གསུངས་པ་དང་གསར་འགོད་པས་དཔྱད་ཞིབ་ཐེངས་མང་བྱས་ཀྱང་གྲངས་འབོར་སྔར་བཞིན་མི་འདྲ་བ་ཡོད།
         ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས་18ཉིན་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། གོང་ཚེས་ཉིན་གྱི་དགོང་མོར་ཅན་ལིར་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་པས་སྐྱོབ་རོགས་ལས་དོན་ལ་དཀའ་ངལ་དེ་བས་ཆེ་བ་ཡོང་རྒྱུ་རེད། ༼ འདི་ག་ཚགས་པར་གྱི་གསར་འགོད་པ། ཕུའུ་ཝུན་དང་ཁྲེང་ཡོན་ཀྲོའུ་ཡིས། ༽