མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྱོན་ཡོངས་ཀྱི་སྒྱུར་བཅོས་ལྟ་བ་བརྟན་པོ་བཙུགས་ཏེ་ལག་ལེན་ཁྲོད་འཚོལ་
ཞིབ་ཧུར་ཐག་བྱས་ནས་སྒྱུར་བཅོས་དང་ཚོད་ལྟ་དཔེ་སྟོན་གྱི་ཚད་བརྒལ་སྐུལ་ཁྲིད་
བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གསུངས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་07ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཚོད་ལྟ་བྱ་རྒྱུ་ནི་སྒྱུར་བཅོས་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད་ལ། སྒྱུར་བཅོས་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་རེད། ཚོད་ལྟ་བྱས་པ་བརྒྱུད་གོམ་པ་སྤོ་ཐུབ་མིན་དང་ལམ་བུ་གཏོད་ཐུབ་མིན་དེ་སྒྱུར་བཅོས་ཀྱི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། སྒྱུར་བཅོས་ཁྱོན་ཡོངས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས་པ་དང་། རྩེ་རིམ་ཇུས་འགོད་བྱེད་སྐབས་ཁྱོན་ཡོངས་ལ་གཞི་འཛུགས་དགོས་པ། གཞི་རིམ་དུ་འཚོལ་ཞིབ་བྱེད་སྐབས་ཁྱོན་ཡོངས་རྟོགས་ཞིབ་བྱེད་དགོས་པ་མ་ཟད། ད་དུང་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཚོད་ལྟ་བྱས་པ་བརྒྱུད་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་ལ་དཔེ་སྟོན་དང་། ཚད་བརྒལ། སྐུལ་འཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ་རེད།
         ཚོགས་འདུའི་ཐོག 《གཞུང་ཁོངས་ཁེ་ལས་ལ་སྒྱུར་བཅོས་གཏིང་ཟབ་བྱེད་རིང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར་འགའ་ཞིག་》དང་། 《ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་ལྟ་སྐུལ་བྱེད་སྟངས་ལེགས་སུ་བཏང་ནས་གཞུང་ཁོངས་རྒྱུ་ནོར་གཞན་ལ་ཤོར་རྒྱུ་སྔོན་འགོག་བྱེད་དགོས་པའི་སྐོར་གྱི་བསམ་འཆར》 《རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》 《མི་དམངས་ཁྲིམས་ཁང་གི་ལས་རོགས་ཁྲིམས་དཔོན་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་རོགས་ཞིབ་དཔྱོད་པ་བསྡུ་རྒྱུའི་སྐོར་གྱི་བསམ་འཆར》 《ཁྲིམས་འཛིན་མི་སྣ་དང་དོ་བདག་ཁྲིམས་རྩོད་པ། དམིགས་བསལ་གྱི་འབྲེལ་བ་ཡོད་མཁན། བར་སྦྲེལ་རྩ་འཛུགས་བཅས་དབར་གྱི་འབྲེལ་གཏུག་འགྲོ་འོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་དགོས་པའི་སྐོར་གྱི་གཏན་འབེབས་འགའ་ཞིག་》བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
         ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་དམིགས་བསལ་ལེགས་ཆ་ཞིག་རེད། གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་ལ་ཕུལ་དུ་བྱུང་བ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་གཞུང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་དང་། ཚོད་འཛིན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། ཉེན་འགོག་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ན་ཏང་འཛུགས་སྐྱོང་བྱ་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱ་རྒྱུ་གོམ་སྟབས་གཅིག་མཚུངས་སུ་ཇུས་འགོད་དང་ཏང་རྩ་འཛུགས་དང་ལས་དོན་སྒྲིག་གཞི་གོམ་སྟབས་གཅིག་མཚུངས་སུ་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་སྦྲེལ་མཐུད་དང་། ལམ་སྲོལ་སྦྲེལ་མཐུད། ལམ་ལུགས་སྦྲེལ་མཐུད། ལས་དོན་སྦྲེལ་མཐུད་བཅས་བྱས་ནས་གཞུང་ཁོངས་ཁེ་ལས་ལ་སྒྱུར་བཅོས་བྱེད་རིང་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གང་ལེགས་མཚོན་པ་བྱེད་དགོས་ལ་ཤུགས་སྣོན་ཡང་ཐེབས་པའི་འགན་ལེན་བྱེད་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་དགོས་མཁོ་དང་ཁྲོམ་རའི་འགྲན་རྩོད་ཀྱི་དགོས་མཁོ་དང་མཐུན་པའི་མི་འདེམས་མི་སྤྱོད་ལམ་སྲོལ་ཞིག་འཛུགས་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཀུང་སིའི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཉིས་གཅིག་ཏུ་བསྒྲིལ་ནས་ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆའི་ཁྲོད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཁྲིམས་གཏན་འཁེལ་བའི་གནས་བབ་ཁ་གསལ་བཟོ་དགོས། གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་པའི་འགན་འཁྲི་འཁུར་དགོས་ཞེས་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག་གཞུང་ཁོངས་མ་རྩ་གཞན་ལ་ཤོར་རྒྱུ་སྔོན་འགོག་བྱེད་དགོས་ན་གནད་དོན་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལམ་སྲོལ་དང་ལམ་ལུགས་གསར་གཏོད་ལ་གཞི་ཚུགས་ཏེ་གཞུང་ཁོངས་ཁེ་ལས་ནང་ཁུལ་ལ་ལྟ་སྐུལ་དང་། མ་འཇོག་མཁན་གྱིས་ལྟ་སྐུལ་དང་རྩིས་བཤེར། སྒྲིག་བཤེར་སྐོར་ཞིབ་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཡོངས་སུ་ཁྱབ་པ་དང་། ལས་བགོས་ཁ་གསལ། མཉམ་ལས་གཞོགས་འདེགས། ཚོད་འཛིན་ནུས་ལྡན་བཅས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་མ་ལག་ཅིག་གང་མགྱོགས་ཆགས་པར་བྱེད་དགོས། ཡོངས་སུ་ཁྱབ་པ་དང་གཙོ་གནད་འབུར་དུ་ཐོན་པའི་ཐོག་ནས་གཞུང་ཁོངས་ཁེ་ལས་ཀྱི་དབང་ཆ་གཅིག་སྡུད་ཆེ་བ་དང་། མ་རྩ་འདུ་ཆེ་བ། ཐོན་ཁུངས་འབེལ་ལ་ལྷུག་པ། རྒྱུ་ནོར་བསྡུ་རུབ་ཆེ་བ་སོགས་ཀྱི་གཙོ་གནད་སྡེ་ཚན་དང་། གཙོ་གནད་ལས་གནས། གཙོ་གནད་ཐབས་ཇུས་གཏན་འབེབས་ལྷུ་ཚིགས་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་དབང་ཁ་གསལ་དང་མཉམ་ལས་མཉམ་འབྲེལ་ཡོང་བ་བྱེད་དགོས་ཤིང་། རིགས་ཁག་གི་ལྟ་སྐུལ་བྱེད་མཁན་གཙོ་བོའི་ལྟ་སྐུལ་འགན་འཁྲི་གསལ་པོ་བཟོས་ནས་ལྟ་སྐུལ་ལས་དོན་གྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ་གྱིས་ལས་ཕྱོད་ཆེ་རུ་གཏོང་དགོས་ཤིང་། ལྟ་སྐུལ་བྱེད་སྟངས་ལེགས་སུ་གཏོང་བ་དང་ལྟ་སྐུལ་བྱ་ཐབས་གསར་གཏོད་བྱས་ཏེ་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་ཤིང་། ལྟ་སྐུལ་ལས་དོན་ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་སྤེལ་ནས་འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་དམིགས་ཡུལ་ནི་ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་བློ་དཀར་སེམས་དཀར་བྱེད་མཁན་བྱང་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་གཅིག་བཙུགས་ཏེ་ཁྱོན་ཡོངས་དང་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུར་ཤེས་ལྡན་པའི་འགན་ལེན་བྱ་རྒྱུ་དེ་རེད། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་དངོས་གཞི་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་ཚད་གཞི་ལྟར་གཅིག་གྱུར་གྱི་ལས་འགན་མ་འཁུར་གོང་གི་གསོ་སྦྱོང་ལམ་ལུགས་ཤིག་བཟོས་ཏེ་བཅའ་ཁྲིམས་ལས་རིགས་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བཅའ་ཁྲིམས་ལས་རིགས་ཀྱི་གཏོང་འཇུག་འགག་སྒོ་དང་། རྒྱུགས་ལེན་འགག་སྒོ གསོ་སྦྱོང་འགག་སྒོ་བཅས་ཡག་པོ་སྲུང་དགོས། བཅའ་ཁྲིམས་ལས་རིགས་ཀྱི་ཤེས་ལྡན་པ་གདམ་གསེས་ཀྱི་ཚན་རིག་རང་བཞིན་ཆེ་རུ་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ཚོགས་འདུའི་ཐོག་ཧའེ་ནན་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་གཞི། ས་ཆ་བེད་སྤྱོད་འཆར་གཞི་བཅས་གཅིག་གྱུར་འཆར་འགོད་བྱས་ནས་ཞིང་ཆེན་དེ་ཁོངས་སུ“འཆར་མང་གཅིག་སྒྲིལ”གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུར་མོས་མཐུན་བྱས་པ་རེད།
         ཚོགས་འདུའི་ཐོག་འགལ་ཟླའི་གནད་དོན་མང་བ་དང་འགག་སྒྲོལ་དཀའ་གནད་ཆེ་བའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་འགའ་ཞིག་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས། སྒྱུར་བཅོས་ཀྱི་དགོས་མཁོ་དང་ཚོད་ལྟའི་ཆ་རྐྱེན་གཞིར་བཟུང་ཚོད་ལྟའི་ཁྱབ་ཁོངས་དང་ཚོད་ལྟའི་བང་རིམ་སྟབས་བསྟུན་བཀོད་སྒྲིག་བྱེད་དགོས། ས་གནས་དང་གཞི་རིམ་ལ་སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྤྱི་ཚོགས་བཅོས་སྐྱོང། གསར་གཏོད་ལས་གཏོད་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།