མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་རྒྱལ་ཡོངས་གྲོང་གསེབ་གཞི་རིམ་ཏང་འཛུགས་ལས་དོན་གྱི་བཞུགས་མོལ་
ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5དང་ཚེས་6ཉིན་རྒྱལ་ཡོངས་གྲོང་གསེབ་གཞི་རིམ་ཏང་འཛུགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཧང་ཀྲོའུ་རུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་སྟེ། “ཞིང་གསུམ”ལས་དོན་གྱི་འགག་རྩ་དེ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སུ་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་དམིགས་པ། གནད་དོན་གྱི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འགོ་ཁྲིད་ཀྱི་སྲོག་ཤིང་གནས་བབ་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཏང་གིས་གྲོང་གསེབ་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐོང་ཆེན་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གྲོང་གསེབ་ཏུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཞི་རིམ་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་མང་ཚོགས་ཆེད་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་སྣ་ཚོགས་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ཁུར་ཕོད་པ་དང་རང་རྟོགས་ངང་ལས་དོན་བསྒྲུབས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་གཞན་དག་ཡང་དག་པའི་ཁ་ཕྱོགས་བརྒྱུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལིའུ་ཡུན་ཧྲན་གྱིས་གྲོང་ཚོའི་ལས་དོན་གྱི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་ནི་གཞི་རིམ་གྱི་དམངས་གཙོའི་དོ་དམ་དང་གྲོང་གསེབ་བཅོས་སྐྱོང་དེ་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་ལས་ཀའི་ངེས་གནས་སྟངས་འཛིན་ཡང་དག་བྱེད་པ་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འབྲེལ་བ་ཡོ་བསྲང་བྱས་ཏེ་རང་རྟོགས་ངང་ཏང་གི་འགོ་ཁྲིད་འོག་ལྟ་སྐུལ་ལས་དོན་སྤེལ་དགོས་པ་དང་། གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་ལས་ཀའི་འགན་འཁྲི་ཚད་ལྡན་དུ་གཏོང་བ་དང་གྲོང་ཚོའི་ལས་དོན་ཡོང་བསྒྲགས་ཁ་གསལ་དང་ཁྲིམས་མཐུན་སྒྲིག་མཐུན་ཡོང་བ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ཀྱི་ཁེ་ཕན་དང་རྒྱ་ཆེའི་གྲོང་མི་ཚོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ། གྲོང་ཚོའི་ལས་དོན་གནས་ཚུལ་དབྱེ་ཞིབ་དང་། གྲོང་ཚོའི་ལྟ་སྐུལ་ལས་དོན་སྙན་ཞུ། དཔྱད་མོལ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་བཟོས་ཏེ་གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱིས་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལིའུ་ཡུན་ཧྲན་གྱིས་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགག་རྩ་ནི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ཡག་འདེམས་ཡག་སྤྱོད་བྱེད་པ། སློབ་ཆེན་ཐོན་པའི་གྲོང་དཔོན་དང“ཧྲུའུ་ཅི་ཨང་དང་པོའི”འདེམས་གཏོང་ལས་དོན་ཡག་པོ་སྒྲུབ་པ། གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་དགོས་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་འགན་འཁྲི་ཁུར་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོག་ནས་ཏང་འཛུགས་ལས་དོན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་པ། རིམ་ཁག་ཏང་ཨུད་ཀྱིས་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲིའི་རྩིས་ཐོ་གསལ་པོ་བཟོ་བ་དང་ལས་ཀའི་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པ། རིམ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅིས་རྒྱུན་དུ་གཞི་རིམ་དུ་བསྐྱོད་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གྲོང་གསེབ་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་གྲོང་གསེབ་ཀྱི་ཏང་འཛུགས་ལ་དམ་འཛིན་བྱེད་མཁས་པའི་ཧྲུའུ་ཅི་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅི་ཡི་ཕྱོགས་སྡོམ་གསུང་བཤད་ནང་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། ཀྲེ་ཅང་གི་ཉམས་མྱོང་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་འཛིན་པ། གྲོང་གསེབ་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་དབྱེ་ཞིབ་གཏིང་ཟབ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པ། དུས་བསྟུན་འཕེལ་རྒྱས་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་རྩ་འཛུགས་སྡེ་ཚན་གྱིས་དེ་བས་ནན་པའི་སྙིང་སྟོབས་དང་དེ་བས་ཏན་ཏིག་གི་སྤྱོད་ཚུལ་ཐོག་ནས་ཏང་འཛུགས་ཀྱི་འགན་འཁྲི་དང་། སྒྱུར་བཅོས་གསར་གཏོད། ལྟ་སྐུལ་ཞིབ་བཤེར། སྤྱི་འདོམས་མཐུན་སྦྱོར་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།