མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ཏུའོ་སི་སང་ཐུའོ་སི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་11ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ཏུའོ་སི་སང་ཐུའོ་སི་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ཏུའོ་སི་སང་ཐུའོ་སི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཨན་མཛའ་གྲོགས་མཉམ་ལས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་ཨན་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལེགས་ཆ་དེ་མཉམ་ལས་གཉིས་ཕན་གྱི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨན་ཀོ་ལ་ནི་སྤུན་ཟླ་ཡག་པོ་དང་ཡུན་རིང་གི་འཐབ་ཇུས་རོགས་ཟླ་ཞིག་ཡིན། 2010ལོར་ངས་ཨན་ཀོ་ལར་འཚམས་འདྲི་བྱེད་རིང་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དངོས་སུ་བཙུགས་ཡོད། ལོ་ལྔའི་ནང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཏན་ཏིག་ཐོབ་ཡོད། སྐུ་ཞབས་ཙུང་ཐུང་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བ་དེས་ཀྲུང་ཨན་འཐབ་ཇུས་རོགས་ཟླའི་འབྲེལ་བར་གསོན་ཤུགས་གསར་པ་སྦྱིན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨན་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཐད་ཕན་ཚུན་དབར་གྱི་དགོས་མཁོ་དང་། ཕན་ཚུན་དབར་གྱི་ལེགས་ཆ། ཕན་ཚུན་དབར་གྱི་གོ་སྐབས་བཅས་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ཐོག་ནས་ཀྲུང་ཨན་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཟབ་ཏུ་གཏོང་བ་དང་། ཕ་རོལ་པོའི་རང་བརྟེན་གདམ་ག་དང་འཕེལ་རྒྱས་ཀྱི་འགྲོ་ལམ་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་ཕྱོགས་ཁག་གི་སྲོག་ཤིང་གི་ཁེ་ཕན་ལ་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་དབར་ཕན་ཚུན་འགྲོ་འོང་བྱེད་པའི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་འབྲེལ་མཉམ་ལས་གཉིས་ཕན་ཟབ་ཏུ་གཏོང་རྒྱུར་གཞོལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལེགས་ཆ་དེ་མཉམ་ལས་གཉིས་ཕན་གྱི་སྒུལ་ཤུགས་སུ་འགྱུར་བ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། ཨན་ཀོ་ལའི་ཕུན་སུམ་ཚོགས་པའི་རང་བྱུང་དང་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་དེ་མི་དམངས་ལ་ཕན་པ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་རྒྱུར་རོགས་རམ་བཅས་བྱས་ཏེ་ཨན་ཀོ་ལས་རང་བརྟེན་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་ཆེད་ཕྱོགས་ཡོངས་ཀྱི་མཉམ་ལས་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་མ་འཇོག་བྱ་གཞག་གཉེར་རྒྱུར་སྐུལ་ལྕག་དང་རོགས་རམ་བྱ་རྒྱུ་དང་འབྲེལ་ཨན་ཀོ་ལའི་བཟོ་ལས་གླིང་ཁུལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་ཏེ་ཨན་ཀོ་ལས་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་དང་མཉམ་དུ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ཁྱབ་ཁོངས་ཀྱི་གསར་གཏོད་གཉིས་ཕན་མཉམ་ལས་བྱེད་ཐབས་ཁྲོད་མི་དམངས་ཤོག་སྒོར་ཕན་ཚུན་བརྗེ་རེས་དང་མཇུག་རྩིས་མཉམ་ལས་གྲོས་མཐུན་ཐད་མགྱོགས་མྱུར་གྲོས་མོལ་དང་མིང་རྟགས་འགོད་རྒྱུ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་མ་འཇོག་སྲུང་སྐྱོབ་དང་ཁྲལ་བསྡུ་གཉིས་བརྩེགས་འགོག་པའི་གྲོས་མཐུན་ལ་སྔ་ཙམ་གྲོས་མོལ་བྱས་ནས་མིང་རྟགས་འགོད་རྒྱུ་ཡིན། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ལུས་རྩལ། སྨན་བཅོས་འཕྲོད་བསྟེན། སྨྱན་སྦྱོར། རིག་མཛོད། ཡུལ་སྐོར་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་ཐད་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ཨན་ཀོ་ལ་ཕྱོགས་དང་ན་ཐུའུ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་མཉམ་དུ་གཉེར་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔ་ནས་བཟུང་བདེ་སྡུག་མཉམ་མྱོང་གི་ཁེ་ཕན་གཅིག་མཐུན་འདུས་གྲུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཀྲུང་གོ་ཕྱོགས་ཀྱི་ཡུན་རིང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་གདམ་ག་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཚུད་པའི་ཨ་ཧྥེ་རི་ཁའི་མཛའ་གྲོགས་རྒྱལ་ཁབ་དང་འབྲེལ་བ་དམ་ཟབ་བྱ་རྒྱུར་རྒྱུན་འཁྱོངས་བྱ་རྒྱུ་དང་འབྲེལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་བརྒྱུད་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་དང་གཉིས་ཁེ་མཉམ་ལས་ཐད་གསར་དུ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་མཉམ་ལས་གཉིས་ཕན་གྱིས་ལྟེ་བ་བྱེད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་མི་དམངས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ལས་བྱུང་བའི་བདེ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཏུའོ་སི་སང་ཐུའོ་སིས་ངས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ཨན་འབྲེལ་བའི་ཐད་གནང་བའི་གདེང་འཇོག་ལ་རྦད་དེ་མོས་མཐུན་ཡོད། ཨན་ཀོ་ལ་ཡིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཟབ་ཏུ་བཏང་བ་དང་། གཉིས་ཁེ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་ཨན་ཀོ་ལ་ཡི་རྒྱལ་ཁབ་བསྐྱར་སྐྲུན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་ཨན་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་འོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་རྒྱ་ཆེར་བཏང་བར་བརྟེན་ཨན་ཀོ་ལའི་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་འདོད་ཡོད། ཨན་ཀོ་ལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྣ་མང་ཅན་དུ་འགྱུར་རྒྱུར་ཧུར་ཐག་གཞོལ་བཞིན་ཡོད། རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། ཚན་རྩལ། གློག་ཤུགས། མི་སྣ་གསོ་སྦྱོང་། ཞིང་ལས། བཟོ་ལས། དངུལ་རྩ་སོགས་ཁྱབ་ཁོངས་ཐད་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨན་ཀོ་ལ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་མ་འཇོག་བྱ་གཞག་གཏོད་རྒྱུར་ཕན་ཡོད་ཀྱི་ཁོར་ཡུག་དང་ཆ་རྐྱེན་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།