མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འབར་མའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱི་འཐུས་ཚབ་
ཚོགས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་12ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་འབར་མའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱི་འཐུས་ཚབ་
ཚོགས་པར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའིའཕྲིན། ཟླ་6ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུའུ་ཞི་ཨང་ཧྲན་་སུའུ་ཅི་ཡིས་སྣེ་ཁྲིད་གནང་བའི་འབར་མའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་རེད། 
         ཞིས་ཅིན་ཕིང་གིས་ཀྲུང་འབར་རྒྱལ་ཁབ་གཉིས་ནི་མཛའ་བཤེས་དམ་པོ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་65སོང་བའི་རིང་ལ་ཀྲུང་འབར་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་ཉམས་སད་སྣ་ཚོགས་ཐེབས་ཀྱང་འགྱུར་མྱོང་མེད་པར་ཁྱབ་ཁོངས་ཁག་གི་དངོས་དོན་གཉེར་བའི་མཉམ་ལས་ཐད་བྱས་འབྲས་ཕུན་སུམ་ཚོགས་པ་ཐོབ་སྟེ་བདག་གཞན་མཉམ་བརྗེའི་ཁེ་ཕན་ཐུན་མོང་ཚོགས་པ་དང་བདེ་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པར་གྱུར་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀྱིས་མི་རབས་རིམ་བྱུང་གི་དབུ་ཁྲིད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པས། གཅེས་འཛིན་ལྡབ་འགྱུར་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ལྟ་ཕྱོགས་ཐོག་ནས་ཀྲུང་འབར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། འབར་མ་རྒྱལ་ཁབ་ཀྱིས་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། འབར་མ་རྒྱལ་ཁབ་ཀྱིས་རང་ཐག་རང་གཅོད་ཀྱིས་འཕེལ་རྒྱས་གཏོང་ལམ་གདམ་ག་བྱེད་པར་བརྩི་འཇོག འབར་མ་རྒྱལ་ཁབ་ཀྱི་མི་རིགས་ཞི་བས་མཐུན་འགྲིག་འཕེལ་རིམ་ལ་རྒྱབ་སྐྱོར་བཅས་བྱས་ཏེ་ཀྲུང་འབར་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་དང་དངོས་དོན་གཉེར་བའི་མཉམ་ལས་ལ་སྐུལ་སྤེལ་བློ་བརྟན་འགྱུར་མེད་གཏོང་གི་ཡིན། འབར་མའི་ཕྱོགས་ཀྱིས་ཀྲུང་འབར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ཀྱང་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་ཡིན་པ་མཐའ་འཁྱོངས་བྱེད་ཅིང་། རྒྱལ་ནང་གི་གནས་བབ་ལ་འགྱུར་བ་ཇི་ལྟར་བྱུང་ཡང་ཀྲུང་འབར་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུར་ཧུར་ཐག་གཞོལ་བའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད་དེ་ལྟར་བྱེད་པར་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གཉིས་བར་འགྲོ་འོང་བྱས་པ་ནས་བཟུང་ཏང་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་མགྱོགས་ཙམ་ཕྱིན་པ་དང་། སྤེལ་རེས་མཉམ་ལས་ཉིན་བཞིན་ཇེ་དམ་དུ་འགྲོ་བཞིན་ཡོད། ཐེངས་འདི་འཚམས་འདྲི་གནང་བར་ཕེབས་པ་བརྒྱུད་ཁྱེད་ཀྱིས་ཀྲུང་གོ་དང་ཀྲུང་གོའི་གུང་ཁྲན་ཏང་ལ་རྒྱུས་མངའ་སྔར་ལས་གཏིང་ཟབ་པོ་ལོན་པའི་རེ་བ་བྱེད་ཀྱི་ཡོད། འདི་ལྟར་བྱུང་ན་ཕྱོགས་གཉིས་བར་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཇེ་ཟབ་ཡོང་བ་དང་། ཏང་གཉིས་བར་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་སྔར་ལས་ལེགས་པོ་འདིང་བར་ཕན་པ་རེད། ཁྱེད་དང་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱིས་མུ་མཐུད་དེ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་འབར་མའི་དམངས་ཚོགས་སྣེ་ཁྲིད་ཧུར་ཐག་བྱས་ཏེ་གཞུང་དྲང་དཔོག་ཤེས་ཀྱི་སྒོ་ནས་ཀྲུང་གོ་དང་ཀྲུང་འབར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་སྤྱོད་ཚུལ་ཡང་དག་པར་བཟུང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་དྲང་ནུས་སྔར་ལས་མང་བ་འདོན་སྤེལ་བྱེད་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཨང་ཧྲན་སུའུ་ཅི་ཡིས་འབར་ཀྲུང་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཁྱིམ་མཚེས་ནི་གདམ་ག་བྱེད་ཐབས་བྲལ་བ་ཡིན་པས། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་བ་ནི་གལ་འགངས་ཧ་ཅང་ཆེ་བ་རེད། འབར་མའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱིས་འབར་ཀྲུང་རྒྱལ་ཁབ་གཉིས་བར་མཛའ་མཐུན་ཡོང་བར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོར་འགོ་ཁྲིད་བྱས་ཏེ་འཕེལ་རྒྱས་དང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཡིད་སྨོན་བྱེད་ཀྱི་ཡོད། ཐེངས་འདི་འཚམས་འདྲི་བྱས་པ་བརྒྱུད་ཏང་གཉིས་བར་གྱི་འབྲེལ་བ་ཟབ་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ཝང་ཅ་རུའེ་མཇལ་འཕྲད་གནང་བར་ཞུགས་པ་རེད།