མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྐབས་25པའི་
འགོ་གཙོའི་ཚོགས་འདུ་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྐབས་25པའི་འགོ་གཙོའི་ཚོགས་འདུ་འཚོགས་པར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་འཕེལ་རྒྱས་འགྲོ་རྒྱུ་དང་གཞི་གཅིག་ཅན་གྱི་འཕེལ་རིམ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་《2063ལོའི་གྲོས་རིམ་》བཏོན་པར་བསྔགས་བརྗོད་ཀྱང་གནང་བ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་ཞི་བདེ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཀྱི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཡང་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་རང་སོ་སོའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད། མིག་སྔར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་མདུན་ལམ་ཡང་ཆེན་པོ་ལྡན་ཡོད། འདི་ལོའི་ལོ་སྨད་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཚོགས་འདུ་ལྷོ་ཨ་ཧྥེ་རི་ཁར་འཚོག་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས“བདེན་པ་དང་། ཏན་ཏིག བརྩེ་སེམས། བློ་དཀར”བཅས་ཀྱི་འདུ་ཤེས་དང་ཡང་དག་པའི་དྲང་ཁེའི་ལྟ་བའི་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་གཉིས་ཁེ་མཉམ་ལས་ཀྱི་བྱེད་ཐབས་གསར་པ་དེ་བས་མང་བ་བཏོན་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།