མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཙུང་ལི་ཨ་པོ་ཐེ་དབར་ཕན་ཚུན་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐེས་རྒྱལ་ཁབ་གཉིས་པོའི་དབར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་དབར་གྱི་རང་མོས་ཚོང་དོན་གྲོས་ཆོད་》ཐོག་དངོས་སུ་མིང་རྟགས་བཀོད་པར་ཕན་ཚུན་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་43སོང་ཚུན་དཔལ་འབྱོར་ཚོང་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ཁེ་ཕན་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་བཅས་རེད། རང་མོས་ཚོང་དོན་གྲོས་ཆོད་ཐོག་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་པོའི་ལེགས་ཆ་གསབ་རེས་དང་གཉིས་ཁེ་མཉམ་ལས་ཟབ་ཏུ་སོང་ནས་སྟེགས་བུ་དེ་བས་མཐོ་བ་དང་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་ཡོང་རྒྱུ་ཡིན་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་བའི་དཔལ་འབྱོར་ཚོང་དོན་ཐད་དཔེ་སྟོན་གྱི་ནུས་པ་ཐོན་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་རྒྱུ་རེད་ཅེས་བསྟན་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་ཨོ་གཉིས་ཀ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་ཡང་དག་སྟངས་འཛིན་ཡག་པོ་བྱེད་པ་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལ་བརྩི་འཇོག་ཞུས་ཏེ་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བྱས་ནས་ཀྲུང་ཨོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་སྲིང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཨ་པོ་ཐེས་རྟེན་འབྲེལ་འཕྲིན་ཡིག་ནང་དེ་རིང་ནི་ཨོ་ཀྲུང་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བའི་ཉིན་ཞིག་ཡིན་པ་དང་ཨོ་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་ལ་དངོས་སུ་མིང་རྟགས་བཀོད་པ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འགོ་འཛུགས་ས་གསར་པ་ཞིག་རེད། ཨོ་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་དེས་རྒྱལ་ཁབ་གཉིས་པོའི་ཚོང་དོན་དང་མ་འཇོག་དེ་བས་རང་མོས་ཅན་དུ་གྱུར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་དམ་ཟབ་དུ་འགྲོ་རྒྱུ་ཡིན་པས་ངས་རྒྱལ་ཁབ་གཉིས་པོར་དེའི་ཁྲོད་ནས་ཕན་པ་ཐོབ་རེ་བྱེད་ཀྱི་ཡོད། ཨོ་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་དེའང་ལོ་རྒྱུས་རང་བཞིན་གྱི་གྲོས་ཆོད་ཅིག་ཡིན་ཞིང་། དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་ང་ཚོ་གནས་ཡུལ་ས་ཁོངས་ཀྱི་རྒྱལ་ཁབ་ངོས་ནས་བརྗོད་ཀྱང་འབྱུང་འགྱུར་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་དཔེ་མཚོན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བསྟན་གནང་བ་རེད།
         དེ་ཉིན་ཀྲུང་གོ་ཚོང་དོན་པུའི་པུའུ་ཀྲང་ཀའོ་ཧུའུ་ཁྲེང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་ཁན་པེ་རར་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་དང་མ་འཇོག་པུའི་པུའུ་ཀྲང་ལུའོ་པུའུ་དང་ཐུན་མོང་ཐོག་ཀྲུང་ཨོའི་རང་མོས་ཚོང་དོན་གྲོས་ཆོད་ཐོག་མིང་རྟགས་བཀོད་པ་རེད།