མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུས་ཐོལ་བྱུང་རང་བཞིན་གྱི་གཏུམ་སྤྱོད་དོན་རྐྱེན་ཐག་གཅོད་བྱེད་སྐབས་ཁྲིམས་
ལྟར་མེ་མདའ་སྤྱོད་དགོས་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་སྤྱི་བདེ་པུས་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་2015ལོར་མེ་མདའ་དང་འབར་རྫས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། འཇིགས་སྐུལ་དང་། ནག་ཚོགས། དུག རྒྱན་འགྱེད་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུའི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མེ་མདའ་དང་འབར་རྫས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྔར་བས་ཟབ་ཏུ་གཏོང་བ་དང་། རྡུང་རྡེག་དང་དོགས་ཟོན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་གྱི་མེ་མདའ་དང་འབར་རྫས་དངོས་པོ་གཅིག་སྡུད་ཐོག་གཙང་བཤེར་བྱེད་པ་དང་གཞུང་བཞེས་གཏོང་བ། མེ་མདའ་དང་འབར་རྫས་དང་འབྲེལ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ཚོགས་འདུའི་ཐོག་སྤྱི་བདེ་པུས་ལོ་མང་རིང་མེ་མདའ་དང་འབར་རྫས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བའི་ཐད་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རྒྱལ་ཡོངས་སུ་མེ་མདའ་དང་འབར་རྫས་ཀྱི་ཉེས་གསོག་གྱོད་གཞི་ཐོན་ཚད་ཉུང་དུ་ཕྱིན་ཡོད། འོན་ཀྱང་མེ་མདའ་དང་འབར་རྫས་ཀྱི་ཉེས་གསོག་དེ་ཡུན་རིང་དང་། མངོན་ཆུང་བ། མཁྲེགས་བཟུང་། བསྐྱར་སློག་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་མེ་མདའ་དང་འབར་རྫས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་གནས་ཚུལ་དང་གནད་དོན་གསར་པ་འཕྲད་པར་བརྟེན་ལས་འགན་དེ་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་པ་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ཁྲིམས་འགལ་གྱི་མེ་མདའ་དང་འབར་རྫས་དངོས་པོ་གཅིག་སྡུད་ཐོག་གཙང་བཤེར་དང་གཞུང་བཞེས་གཏོང་བ། མེ་མདའ་དང་འབར་རྫས་དང་འབྲེལ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་ཡོད།
         ཚོགས་འདུའི་ཐོག་ཁྲིམས་འགལ་གྱི་མེ་མདའ་དང་འབར་རྫས་དངོས་པོ་གཅིག་སྡུད་ཐོག་གཙང་བཤེར་དང་གཞུང་བཞེས་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མེ་མདའ་དང་འབར་རྫས་ཉར་མཁན་གནས་དང་། ཚན་པ། མི་བཅས་ལ་སྐོར་བཤེར་གྲལ་བཤེར་བྱས་ནས་གཞུང་བཞེས་གཏོང་བ་དང་མངགས་གཏོང་ཁང་དང་སྡེ་ཁུལ་མི་དམངས་ཉེན་རྟོག་པས་མངའ་ཁོངས་སུ་དྲིལ་བསྒྲགས་དང་སྐུལ་སློང་གི་ལས་དོན་སྤེལ་ཏེ་རང་འགུལ་ངང་མེ་མདའ་དང་འབར་རྫས་གོང་འབུལ་ཞུ་བ་དང་ཐེར་འདོན་ཧུར་ཐག་བྱ་རྒྱུའི་སྐུལ་སློང་བྱེད་དགོས་པ་དང་། གྱོད་གཞི་ཐོན་མང་བ་དང་དོ་དམ་ཟང་ཟིང་གི་གཙོ་གནད་ས་ཁུལ་དང་། འདུ་གནས་གཙོ་བོ། དྲ་ཐོག་གི་གཙོ་གནད་བར་མཐོངས་བཅས་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་མེ་མདའ་དང་འབར་རྫས་དངོས་པོའི་འཁོར་རྒྱུག་གི་འགག་རྩའི་ལྷུ་ཚིགས་དང་ཞིབ་བཤེར་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མེ་མདའ་དང་འབར་རྫས་ཀྱི་འབྱུང་རྩ་དང་མངོན་མེད་རྐྱེན་ངན་མེད་པ་བཟོ་དགོས་པའི་བླང་བྱ་བཏོན་ཡོད།
         ཚོགས་འདུའི་ཐོག་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འབར་རྫས་དང་འབྲེལ་བ་ཡོད་པའི་གཏུམ་སྤྱོད་ཉེས་གསོག་དང་སྒེར་གྱི་གཏུམ་སྤྱོད་ཉེས་གསོག་ཐག་གཅོད་བྱེད་པའི་དངོས་འཐབ་ནང་སྦྱོང་དང་དངོས་འཐབ་རྩལ་ནུས་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འགོག་སྲུང་སྒྲིག་ཆས་འདང་ངེས་སྤྲད་ནས་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་རྒྱག་དགོས། སྤྱི་བདེའི་མི་དམངས་ཉེན་རྟོག་པས་ཐོལ་བྱུང་གི་གཏུམ་སྤྱོད་དོན་རྐྱེན་ཐག་གཅོད་བྱེད་སྐབས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་དང་ཁྲིམས་ལྟར་མེ་མདའ་སྤྱད་དེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་ཐོག་རང་ཉིད་ཀྱི་བདེ་འཇགས་ལ་ཡང་སྲུང་སྐྱོང་བྱེད་དགོས་པ་བཏོན་ཡོད།