མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2015ལོའི་རེས་སྐོར་དང་པོའི་ཆེད་དོན་སྐོར་ཞིབ་བྱས་པའི་ཚན་པ་21གི་ཚུར་
ལན་གནས་ཚུལ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སི་དང་། ཀྲུང་གོ་ཉིང་རྡུལ་བཟོ་ལས་འཛུགས་སྐྲུན་ཚོགས་པ་ཀུང་སི། ཤར་ཕྱོགས་གློག་ཤུགས། ཀྲུང་གོ་གློག་རྡུལ་ཚན་རིག་ལག་རྩལ་ཀུང་སི། ཀྲུང་གོ་གློག་རྡུལ་ཚོགས་པ་ཀུང་སི། ཐུང་དབྱུང་ལག་རྩལ་ཚོགས་པ་ཀུང་སི་སོགས་ཚན་པ་6གི་2015ལོའི་རེས་སྐོར་དང་པོའི་ཆེད་དོན་སྐོར་ཞིབ་ཀྱི་ཚུར་ལན་གནས་ཚུལ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས་པ་རེད། དེས་ན་ད་བར་རེས་སྐོར་དེར་སྐོར་ཞིབ་བྱས་པའི་ཚན་པ་26ཁྲོད་ཚན་པ་21གི་ཚུར་ལན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སིས་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་མི་འདང་བ་དང་། “འགན་འཁྲི་ཁག་གཉིས”དམིགས་སར་མི་འཁྱོལ་བ། སྒྲིག་ཁྲིམས་ལག་བསྟར་ཐད་ལྟ་སྐུལ་དེ་ཙམ་བྱེད་མི་ཐུབ་པ། “དངུལ་སྦས་ཁུང”གི་གནད་དོན་མངོན་གསལ་དོད་པ། སྒྲིག་འགལ་གྱིས་གླ་རྔན་དང་ཕོགས་སྣོན་སྤྲོད་པའི་རྣམ་པ་སྔར་བཞིན་གནས་པ། ཆེད་དོན་གྲོན་དངུལ་དོ་དམ་ཐད་སྐྱོན་ཆ་ཅུང་མང་བ། འཐབ་ཇུས་གལ་ཆེན་ཁག་གཅིག་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་ཡག་པོ་མ་བྱུང་བ། མ་འཇོག་རྣམ་གྲངས་ཁག་གཅིག་གིས་གཉེར་སྐྱོང་གི་ཉེན་ཁ་བཟོ་བ། ལས་གྲྭ་འཛུགས་སྐྲུན་ཁག་གཅིག་གི་སུས་འཇོན་དེ་འགུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་བ། དངོས་ཟོག་ཉོ་སྒྲུབ་ཀྱི་དོ་དམ་མི་འདང་བ། རྣམ་གྲངས་ཁག་གཅིག་སྒྲིག་འགལ་གྱིས་སྐྲུན་པ། སྤྱོད་གཙང་གི་ཉེན་ཁ་ཆེ་ཙམ་ལྡན་པ། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཚད་ལྡན་མེད་པ། དོ་དམ་ཐད་སྤྱིའི་འཆར་འགོད་བྱ་རྒྱུ་མི་འདང་བ། མི་སྣ་འདེམས་སྤྱོད་ཐད་ཚུལ་མིན་སྤྱོད་ཚུལ་སྔར་བཞིན་གནས་ཡོད་པ་བཅས་ཀྱི་ཚུར་ལན་གནས་ཚུལ་བཏོན་ཡོད།
         ཀྲུང་གོ་ཉིང་རྡུལ་བཟོ་ལས་འཛུགས་སྐྲུན་ཚོགས་པ་ཀུང་སིས་སྒྲིག་སྲོལ་ལས་འགལ་བའི་གནད་དོན་ཁག་གཅིག་ཞིབ་བཤེར་ཐག་གཅོད་དུས་ཐོག་ཏུ་མ་བྱུང་བ་དང་། མ་འཇོག་རྣམ་གྲངས་ཁག་གཅིག་ལ་སྒྲིག་འགལ་གྱིས་འཐབ་ཇུས་བཀོད་དེ་གྱོང་གུན་བཟོས་པ་དང་ཉེན་ཁ་ཐོན་པ། ལས་འགན་གཞན་སྤྲོད་དང་ལས་འགན་བགོ་བཤའ་དང་དུས་ཐུང་དངུལ་གཡར་ལས་རུལ་སུངས་ཀྱི་མི་མངོན་པའི་རྐྱེན་ངན་ཅུང་མང་ཙམ་ཐོན་པ། ལས་གྲྭ་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་ཚད་ལྡན་མེད་པ། ཕྱི་རྒྱལ་གྱི་ཀུང་སི་དང་ལས་གྲྭའི་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མི་འདང་བ། ནོར་དཔལ་སྒྲིག་ལམ་ལས་འགལ་བའི་གནད་དོན་ཐོན་མང་བ། འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གཉེན་ཉེའམ་ཡང་ན་དམིགས་བསལ་འབྲེལ་བ་ལྡན་པའི་མི་སྣས་ལས་གྲྭའི་རྣམ་གྲངས་ལ་དམིགས་ནས་སྒེར་ཕན་གཉེར་བ་སོགས་ཀྱི་ཚུར་ལན་གནས་ཚུལ་བཏོན་ཡོད།
         ཀྲུང་གོ་གློག་རྡུལ་ཚན་རིག་ལག་རྩལ་ཀུང་སིས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་མི་འདང་བ་དང་། གཞུང་དངུལ་སྤྱད་དེ་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་པ་སོགས་བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་བའི་གནས་ཚུལ་རྟག་ཏུ་ཐོན་པ། ཁོངས་གཏོགས་ཚན་པའི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་མ་བྱུང་བ། ཏང་ཨུད་ཧྲུའུ་ཅི་དང་སྒྲིག་ཨུད་ཧྲུའུ་ཅི་མང་ཆེ་བ་ལས་འགན་གཅིག་ལྕོགས་ཡིན་པ། ཞིབ་འཇུག་སུའོ་ཁག་གཅིག་གིས་གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་མི་བྱེད་པ་དང་མི་བདེན་བདེན་བཟོ་བྱེད་པ། མི་སྤྱོད་ཀྱི་ཕྱོགས་སྟོན་ཐད་ཤེས་ཡོན་ལ་མཐོང་ཆེན་དང་ཀུན་སྤྱོད་ལ་མཐོང་ཆུང་བྱེད་པའི་རྣམ་པ་ལྡན་པ། མི་སྣ་འདེམས་སྤྱོད་ཀྱི་གོ་རིམ་ཚད་ལྡན་མེད་པ། ཚོགས་པའི་སྤྱི་ཁྱབ་པུའི་དོ་དམ་ཚོད་འཛིན་གྱི་ནུས་པ་ཞན་པ། ཁོངས་གཏོགས་ཚན་པར་ལྟ་སྐུལ་དོ་དམ་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་མེད་པ། རང་དགར་སྒྲིག་འགལ་ངང་འཐབ་ཇུས་བཀོད་དེ་གྱོང་གུན་མ་དངུལ་འབོར་ཆེན་བཟོ་བ་དང་འབྲེལ་བ་བཙུགས་ནས་ཁེ་ཕན་སྤྲོད་རེས་བྱེད་པ་སོགས་འགན་འཛོལ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་རྟག་ཏུ་ཐོན་པ། ཞིབ་འཇུག་སུའོ་ཁག་གཅིག་གིས་འགན་ལེན་པ་དང་ལག་བསྟར་བྱེད་པའི་ཚན་ཞིབ་རྣམ་གྲངས་ཁག་གཅིག་ཐད་ལྐོག་རྔན་སྤྲོད་ལེན་གྱི“གཏིང་སྲོལ”ལྡན་པ་སོགས་ཀྱི་ཚུར་ལན་གནས་ཚུལ་བཏོན་ཡོད།
         ཀྲུང་གོ་གློག་རྡུལ་ཚོགས་པ་ཀུང་སིས་ཐོན་བཟོ་ཡོད་པའི་གནད་དོན་སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན་མ་ཐུབ་པ་དང་། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མི་འདང་བ། བསམ་འཆར་ཧ་ཅང་ཆེན་པོ་ལྡན་པའི་ཁོངས་གཏོགས་ཚན་པའི་འགོ་ཁྲིད་ཁག་གཅིག་གི་གནད་དོན་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་མ་ཐུབ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་མ་བྱུང་བ། “སྤྱོད་ཚུལ་བཞིའི”གནད་དོན་སྔར་བཞིན་མངོན་གསལ་དོད་པ། གཞུང་དངུལ་སྤྱད་དེ་ཀོར་ཧྥུ་སྤོ་ལོ་རྒྱག་པ་དང་གཞུང་དངུལ་སྤྱད་དེ་གསོལ་སྟོན་བཤམས་པ་སོགས་བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་བའི་གནས་ཚུལ་རྟག་ཏུ་ཐོན་པ། ལས་བྱེད་པའི་ལས་དོན་སྒྲུབ་པའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་མེད་པ། འགོ་ཁྲིད་ཀྱི་ལས་གནས་གཅིག་ལྕོགས་མང་བ། གཞུང་ཁུངས་མ་རྩའི་དོ་དམ་ཡག་པོ་མེད་པ། མ་རྩ་ཐག་གཅོད་དང་། མ་རྩ་འཁོར་སྐྱོད། མ་དངུལ་དོ་དམ། ལས་གྲྭའི་རྣམ་གྲངས་སོགས་ཐད་སྐྱོན་ཆ་མང་པོ་ལྡན་པ། འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱིས་འགན་བབ་དབང་ཆ་སྤྱད་དེ་ཕྱི་ནང་ངན་སྦྲེལ་གྱིས་གཞུང་ཁོངས་མ་རྩ་ཐོབ་ཐབས་བྱེད་པ། མངའ་ཁོངས་ཕྱིའི་མ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་བ། སྤྱོད་གཙང་གི་ཉེན་ཁ་ཆེ་བ་སོགས་ཀྱི་ཚུར་ལན་གནས་ཚུལ་བཏོན་ཡོད་པ་རེད།
         དེ་དང་ཆབས་ཅིག་སྐོར་ཞིབ་ཚོགས་ཆུང་ཁག་ལ་ད་དུང་འགོ་ཁྲིད་མི་སྣ་ཁག་གཅིག་དང་འབྲེལ་བ་ཡོད་པའི་གནད་དོན་བརྗོད་པ་དེ་དག་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་དང་། ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད་པ་རེད།