མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྙིང་སྟོབས་ཆེར་སྐྱེད་ཀྱིས་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་
འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་12ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         “དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། སྤྱི་ཚོགས་ཀྱི་དུས་བབ་མུ་མཐུད་བརྟན་དུ་འགྲོ་བཞིན་ཡོད”ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཆོད་གཏམ་གལ་ཆེན་ཞིག་བཏོན་པ་དེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བོད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་ཞིག་རེད་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྩ་བའི་ཉམས་མྱོང་ཚད་གཞི་མཐོ་པོས་རགས་བསྡུས་བྱས་པ་ཞིག་ཀྱང་རེད། དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་པ་དང་། ཐུགས་བརྩེ་བོད་ལ་འཆང་བ་དང་ཐུགས་སེམས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཆང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླ་ན་མེད་པའི་དགོངས་ཚུལ་མཚོན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མཚོན་པ་མ་ཟད། ད་དུང་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཐད་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་སྦྱིན་ཡོད།
         ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་ཡག་ཤོས་དང་མི་དམངས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་དུས་སྐབས་ཤིག་སླེབས་ཤིང་། དཔལ་འབྱོར་འཕེལ་རྒྱས་ཐད་དཔལ་འབྱོར་འཕར་མགྱོགས་པ་དང་། མ་འཇོག་བྱེད་ཤུགས་ཆེ་བ། སྤུས་ཚད་ལེགས་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་བ། དམངས་འཚོ་ལེགས་འགྱུར་ཆེ་བ། སྣོད་བཅུད་ཁོར་ཡུག་ལེགས་པ། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་པོ་ཡོད་པ་བཅས་ཀྱི་ཁྱད་ཆོས་ཤིག་མངོན་པ་དང་དཔལ་འབྱོར་2009ལོ་ནས་བཟུང་གི་ལོ་དྲུག་བསྟུད་མར་དུང་ཕྱུར་བརྒྱ་རིམ་པའི་ཐོག་ནས་བརྟན་པོའི་ངང་འཕར་ཡོད། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་དང་། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པ་ཞིག བོད་ཀྱི་དོན་དངོས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་བཅས་ཡིན་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད།
         བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེ་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་ཞིང་དགོངས་པ་ཟབ་པ་དང་། སྲིད་འཛིན་བློ་གྲོས། བྱམས་བརྩེའི་ཐུགས་ཁུར་བཅས་ལས་བྱུང་བ་ཞིག་རེད། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཁྱོན་ཡོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཡུན་གྱི་འཚོ་གནས་འཕེལ་རྒྱས། རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་། རང་རྒྱལ་གྱི་རྒྱལ་སྤྱིའི་ཐོག་གི་གཟུགས་བརྙན་དང་རྒྱལ་སྤྱིའི་ཁོར་ཡུག་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ཐོག་ལངས་ནས་བོད་ཀྱི་ལས་དོན་ཇུས་འགོད་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ངེས་གནས་སྔར་བས་གསལ་པོར་བཏོན་པ་དང་། བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་གལ་ཆེན་བཏོན་པ། བོད་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་སྔར་བས་མཐོང་ཆེན་གནང་བ་དང་བོད་ཀྱི་འཕེལ་རྒྱས་ལ་སྔར་བས་ཐུགས་ཁུར་ཆེན་པོ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞེས་ནན་གྱིས་གསུངས་ཡོད། དེས་ན་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དེ་བོད་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་སྔར་ལས་ལྷག་པ་བྱེད་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་ཧུར་བརྩོན་ཆེན་པོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་བསྐྱོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་འཁྲིད་དེས་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་བསྐྱོད་དེ་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།
         བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེ་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ་ཞིག་རེད། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བའི་ཐོག་ནང་སའི་ཐོན་ཁུངས་དང་། ཁྲོམ་ར། མ་དངུལ། ཤེས་ལྡན་པ། ལག་རྩལ་སོགས་ཀྱི་ལེགས་ཆར་བརྟེན་ནས་བོད་སྐྱོར་མ་དངུལ་བརྟན་འཕར་ལམ་སྲོལ་བཙུགས་པ་དང་། བོད་སྐྱོར་མ་དངུལ་དང་གཙོ་གནད་རྣམ་གྲངས་དག་ཞིང་འབྲོག་ཁུལ་དང་དམངས་འཚོར་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་པ། མི་ཤུགས་དང་། དངོས་ཤུགས། ལག་རྩལ་སོགས་ཕྱོགས་ཡོངས་ནས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་བ། དཔལ་འབྱོར་བོད་སྐྱོར་དང་། སློབ་གསོ་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ། “གཞན་བརྟེན”རྣམ་པའི་བོད་སྐྱོར་ལས་དོན་ཡག་པོ་སྤེལ་བ་དང་དུས་མཚུངས་སུ“རང་བརྟེན”རྣམ་པའི་བོད་སྐྱོར་ལ་སྔར་བས་མཐོང་ཆེན་པོ་བྱས་ཏེ་རོགས་སྐྱོར་དང་ལེན་ས་ཁུལ་གྱི་རང་གིས་གསོག་འཇོག་དང་རང་གིས་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་སྟངས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།
         བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྒྱུར་འཕེལ་བརྟན་གསུམ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་། བརྟན་པོའི་ཁྲོད་དུ་ཡར་རྒྱས་བརྩོན་ལེན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་མཐུན་པར་བྱས་པའི་ཁར་རང་ལྗོངས་ཀྱི་ཐོན་ཁུངས་ཆ་རྐྱེན་དང་། ཐོན་ལས་རྨང་གཞི། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཅས་ལ་གཞི་ཚུགས་ཏེ་ཀྲུང་དབྱང་གིས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་པ་དང་། གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་པ། ས་གནས་ཀྱི་ཁྱད་ཆོས་དང་དམིགས་བསལ་གྱི་ལེགས་ཆ་ལྡན་པའི་འཐབ་ཇུས་སྲོག་ཤིང་ཐོན་ལས་གསོ་སྐྱོང་ཤུགས་ཆེན་བྱས་པ། ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་བརྟན་པོའི་སྒོ་ནས་མཐོ་རུ་བཏང་བ། ཁྱད་ལྡན་ཡུལ་སྐོར་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་རྒྱུ་ཐོན་ཁུངས་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་པ། སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་བ། དམངས་གཉེར་དཔལ་འབྱོར་སྟོབས་ཆེར་བཏང་བ། དཔལ་འབྱོར་བརྟན་འཕར་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་སྐུལ་སྤེལ། དམངས་འཚོར་ཕན་འདོགས། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྤེལ་བས་དཔལ་འབྱོར་རང་འཕེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།
དུས་བབ་གསར་པའི་འོག་ང་ཚོས་ཀྲུང་དབྱང་གིས་བཏོན་པའི“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི”བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་བརྟན་པོའི་ཁྲོད་དུ་ཡར་རྒྱས་བརྩོན་ལེན་བྱེད་དགོས་པ་དང་། བརྟན་ཐོག་ཡར་འཕེལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་མཐུན་པར་བྱེད་དགོས། སྙིང་སྟོབས་ཆེར་སྐྱེད་ཀྱིས་ལེགས་སྐྱེས་ཧུར་ཐག་འབུལ་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་མུ་མཐུད་སྐྱོན་བྲལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་དགོས། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་བྱམས་སྐྱོང་གནང་བར་དྲིན་ལན་འཇལ་དགོས།