མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་བོད་རང་སྐྱོང་
ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་
འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་08ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་བོད་རང་སྐྱོང་
ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་
འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

         མི་དམངས་དྲ་བའི་འཕྲིན།ཟླ་ཚེས་7ཉིན་གྱི་སྔ་དྲོར“ཀྲུང་གོའི་ཕུགས་འདུན་འགྲུབ། བོད་ཀྱི་ངོ་མཚར་བཏོད་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་འགྲེམས་སྟོན”དེ་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཏུའུ་ཆིང་ལིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་དབྱང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་བཅས་གྲུབ་འབྲས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།
         དེ་རིང་གི་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་སྤྲོ་སྣང་དང་འཆམ་མཐུན་གྱི་རྟེན་འབྲེལ་རྣམ་པས་ཁེངས་ཤིང་། “ཀྲུང་གོའི་ཕུགས་འདུན་འགྲུབ། བོད་ཀྱི་ངོ་མཚར་བཏོད་ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་འགྲེམས་སྟོན”དེ་གར་བྱས་པ་རེད། ཆུ་ཚོད་10དང་སྐར་མ་20ཡོལ་ཙམ་ལ་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བས་དེ་གར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་མི་རིགས་ཁག་གི་ལོ་ཆུང་བྱིས་པས་སྲོལ་རྒྱུན་གྱི་ལྷ་མོ་བཀྲ་ཤིས་ཞོལ་པ་འཁྲབ་པ་རེད།
         འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཡུས་ཀྲེང་ཧྲེང་སོགས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བློ་མཐུན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་སྤྲོ་སྣང་ཆེན་པོས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། ཡུས་ཀྲེང་ཧྲེང་སོགས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བློ་མཐུན་ཚོས་འགྲེམས་དངོས་ལ་ནན་ཏན་ངང་གཟིགས་བཞིན་དུ་འགྲེལ་བཤད་ནན་ཏན་གསན་པ་དང་། ཕེབས་མཚམས་ཡང་ཡང་བཞག་ནས་དེ་གར་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཚགས་གནང་ཞིང་། ལྷག་པར་དུ་འགྲེམས་སྟོན་ལས་མངོན་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་དུས་ཐུང་ལོ་བཅུ་གྲངས་ཁ་ཤས་ནང་ལོ་ངོ་སྟོང་ལས་བརྒལ་བའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཆེན་པོ་གནང་བ་དང་འགྲེམས་སྟོན་ལས་མངོན་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོར་ཁས་ལེན་གང་ལེགས་གནང་བ་རེད།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དེ“རླབས་ཆེན་གྱི་ལོ་རྒྱུས་ལམ་བུ”དང་། “འོད་སྟོང་འབར་བའི་གྲུབ་འབྲས” “མཛེས་སྡུག་ལྡན་པའི་འབྱུང་འགྱུར”བཅས་ཆ་ཤས་ཆེན་པོ་གསུམ་ལས་གྲུབ་ཅིང་། འགྲེམས་སྟོན་ནང་གསར་རྙིང་བསྡུར་བའི་བྱེད་ཐབས་སྤྱད་པ་དང་རྩ་ཆེའི་པར་རིས་དང་། དངོས་པོ། ཚད་ལྡན་ཡིག་ཆའི་དཔྱད་གཞི། གྲངས་གཞི་དང་རེའུ་མིག ཡི་གེའི་འགྲེལ་བཤད་བཅས་དང་དེ་བཞིན་གསོན་ཉམས་དོད་པའི་བརྒྱུད་ལམ་སྣེ་མང་བརྒྱུད། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་མངོན་པ་བྱས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ཁར་བོད་གསར་པར་ཐོབ་པའི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྲུབ་འབྲས་དང་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་གང་ལེགས་མངོན་པར་བྱས་ཡོད།